ཨོམ་ཕརཱ་ཀཱ་ཤཱི་ཐེབས་རྩའི་འཚམས་འཕྲིན།

Messag from the OmparkashUSA

Messag from the OmparkashUSA༄༅།། བརྩེ་བའི་ངག་དབང་ལགས་ཀྱིས་གཙོས་པའི་ལྷའི་ཚོགས་མི་ཡོངས་ལ། ལོ་ངོ་ཉི་ཤུའི་དུས་དྲན་གྱི་མཛད་སྒོ་སླེབས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ནི་ང་ལ་མཚོན་ན་ཆེས་དམིགས་བསལ་གྱིས་སྤྲོ་སྣང་ལྡན་པ་ཞིག་རེད། ང་ནི་དེ་སྔོན་ལྷའི་དྭང་བླངས་པ་དང་དེང་སང་ཡང་ལྷ་དང་མཉམ་ལས་བྱེད་མཁན་ཞིག་ཡིན་སྟབས་ཚོར་སྣང་དམིགས་བསལ་བ་ཡོད་ཅིང་། ལྷས་ང་ལ་སེམས་འགུལ་ཐེབས་ཏེ་ཨོམ་ཕ་རཱ་ཀཱ་ཤཱི་ (Omprakash) ཚོགས་པ་གསར་འཛུགས་དང་། ཚོགས་པ་འདིའི་འགན་འཛིན་བྱེད་བཞིན་པ་སོགས་ངའི་མི་ཚེ་དང་ལས་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞེས་བཤད་ཀྱང་རྫུན་དུ་འགྲོ་མི་སྲིད།

༢༠༠༤ ལོར་ང་ལྷ་ལ་ཡོང་ཞིང་། སྐབས་དེར་ང་ལོ་བཅོ་བརྒྱད་དང་བོད་པ་སྐྱབས་བཅོལ་བར་ཨིན་ཇི་སློབ་འདོད་ཆེན་པོ་ཡོད། ངས་དེ་དུས་རྒྱ་གར་དང་། བོད། དེ་བཞིན་ལྷས་སྒྲུབ་བཞིན་པའི་ལས་དོན་གྱི་སྐོར་མང་པོ་མི་ཤེས། སྐབས་དེར་ང་མཐོ་སློབ་ཀྱི་སློབ་མ་ཡིན་སྟབས་ངས་དྭང་བླངས་པའི་གོ་སྐབས་ཀྱི་སྐོར་ལ་ཉམས་ཞིབ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་ངའི་གྲོགས་པོ་དྷན་ཧྥར་མཱན་ (Dan Furman) ལོ་གཅིག་ཙམ་གྱི་སྔོན་ལྷ་ལ་འགྲོ་མྱོང་བ་དང་ཁོང་གིས་ང་བྱམས་པ་ཚེ་རིང་དང་འབྲེལ་བ་བྱེད་དུ་བཅུག་བྱུང་། ངས་དྲན་ཚོད་ལ་བྱམས་པ་ཚེ་རིང་གིས་སྐབས་དེའི་ཨིན་ཇིའི་ལས་འཆར་གོ་སྒྲིག་བྱེད་བཞིན་འདུག བྱམས་པ་ལགས་ཀྱིས་ང་ལྷ་ལ་ཨིན་ཡིག་སློབ་པར་སྐད་བཏང་ཞིང་། མི་རིང་བར་ང་དང་། དྷན། (Dan) ང་གཉིས་ཀྱི་གྲོགས་པོ་ནཱེག་སི་མཱི་ཐི་ (Nick Smith) བཅས་དྷ་སར་འབྱོར་ཞིང་། གཙུག་ལག་ཁང་གི་ལམ་འཁྲིས་སུ་ཡོད་པའི་ལྷའི་སྐད་ཡིག་འཛིན་གྲྭར་ཨིན་ཇིའི་བརྡ་སྤྲོད་དང་། གླེང་མོལ་འཛིན་གྲྭར་སློབ་ཁྲིད་བྱེད་བཞིན་ཟླ་བ་གསུམ་ཙམ་བསྡད་པ་ཡིན། དེ་དུས་ངས་མ་ཤེས་མོད། འོན་ཀྱང་དེའི་སྐབས་ཀྱི་ཉམས་མྱོང་གིས་ང་ལ་བློ་སྟོབས་ཆེན་པོ་སྤྲད་ནས་ད་ལྟའི་ངའི་མི་ཚེའི་ལས་དོན་འདི་གཉེར་ཐུབ་པར་ཆགས་པ་རེད།

༢༠༠༤ ཟླ་ ༡༢ པའི་ནང་ང་ཕྱིར་ཨ་རིར་འབྱོར་སྐབས་ལྷའི་དྭང་བླངས་བའི་ལས་འཆར་དེས་སེམས་འགུལ་ཐེབས་ཏེ་ངས་ཨ་རི་བ་གཞན་ཚོར་ང་དང་འདྲ་བར་ལྷ་དང་ལྷན་དུ་ཉམས་མྱོང་གསག་རྒྱུར་རོགས་བྱེད་འདོད་བྱུང་ཞིང་། ཚོགས་པ་གཞན་རྣམས་ལ་ཡང་དྭང་བླངས་བའི་ཆེད་དུ་རོགས་བྱེད་འདོད་བྱུང་། དེས་ང་ལ་ཨོམ་ཕ་རཱ་ཀཱ་ཤཱི་ (www.Omprakash.org) ཞེས་པ་མི་རྣམས་དང་ཚོགས་སྡེ་ཁག་གཉིས་སྨན་གྱི་སློབ་གསོ་སོགས་ཀྱི་ཆེད་མཛའ་འབྲེལ་འཛུགས་སའི་དྲ་བ་འཛུགས་རྒྱུར་སྐུལ་ལྕག་ཆེན་པོ་བྱུང་། ལྷ་ནི་ང་ཚོའི་ཆེས་ཐོག་མའི་མཐུན་གྲོགས་ཚོགས་པ་དེ་ཡིན་ལ། ཨོམ་ཕ་རཱ་ཀཱ་ཤཱི་ (Omprakash) ཡི་འཕེལ་རྒྱས་ལ་ལྷ་དང་མཛའ་འབྲེལ་གྱིས་ཤུགས་རྐྱེན་དང་ཕན་ཐོགས་ཆེན་པོ་བྱུང་།

དེ་རིང་ང་ཚོའི་འབྲེལ་ལམ་ཡུལ་ལུང་མི་འདྲ་བ་ ༤༠ མ་ཟིན་ཙམ་གྱི་ནང་ཚོགས་པ་ ༡༦༠ ལས་མང་བར་རྒྱ་བསྐྱེད་བྱས་ཡོད། ད་དུང་ང་ཚོས་དྲ་ཐོག་སློབ་གཉེར་བྱེད་ས་དང་། མ་དངུལ་འདུ་འགོད། གཙུག་ལག་སློབ་ཁང་མང་པོ་ཞིག་དང་ལྷན་དུ་ཚོང་གྲོགས་ཀྱི་ལས་འཆར་སོགས་མང་པོ་ཞིག་བསྐྲུན་ཡོད། དེ་ལྟར་ཚོགས་པའི་འགྱུར་འགྲོས་ལ་མ་ལྟོས་པར་ལྷ་ནི་ང་ཚོའི་སེམས་དབུས་སུ་ནམ་ཡང་གནས་བཞིན་མཆིས།

༢༠༡༥ ལོར་ངེད་ཚོགས་པའི་མཐུན་གྲོགས་ཀྱི་ཚོགས་ཆེན་ལ་ལྷའི་སྐུ་ཚབ་བློ་བཟང་རབ་གསལ་དང་། དྲི་མེད་ཚེ་རིང་གཉིས་ཆེད་ཕེབས་བྱུང་བར་དགའ་གུས་ཆེན་པོ་ཞུ་བ་དང་། ཞན་པོ་ནཱེལ་ལགས་ཀྱིས་ལྷ་ལ་རྒྱུན་རིང་ཕྱག་ལས་གནང་བར་རྗེ་སུ་ཡི་རང་ཞུ་བཞིན་ཡོད།

མཇུག་ཏུ་ལྷའི་མ་འོངས་པའི་བྱ་གཞག་ལེགས་འགྲུབ་དང་། གོང་འཕེལ་ཡོང་བའི་སྨོན་འདུན་བཟང་པོ་དང་བཅས་ཝེ་ལིའི་ཨོའོ་ཕན་ཧེམ་ (Willy Oppenheim) གྱིས་ཟླ་ཚེས་བཟང་པོར། ཕྱི་ལོ་ ༡༠ ཚེས་ ༩ ཉིན།

Leave your comment