རྒྱལ་སྤྱིའི་ནང་གཞུང་དང་། གཙུག་ལག་སློབ་གྲྭ། མཐོ་སློབ་གཙོས་པའི་ཚོགས་སྡེ་སྒྲིག་འཛུགས་མང་པོས་གོ་སྒྲིག་གིས། རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས་དབར་མཁས་དབང་། ཁྱད་ལས་པ། ལུས་རྩལ་བ་གཙོས་པའི་གནད་དོན་དང་ལས་དོན་འདྲ་མིན་ཐོག་ཤེས་ཡོན་བརྗེ་རེས་བྱེད་སྲོལ་ཡོད་ཅིང་། ལྷག་པར་སློབ་གྲྭའི་གུང་སེང་དང་བསྟུན་སློབ་ཕྲུག་ཚོ་རྒྱལ་ཁབ་གཞན་ལ་ཆེད་བསྐྱོད་ཀྱིས་ཡུལ་དེ་དག་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། ཡུལ་ལྗོངས་དང་ས་བབས་སོགས་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པས། ང་ཚོས་ཚོགས་པའི་ལས་གཞི་འདི་གལ་ཆེན་དུ་རྩིས་ཏེ། ཕྱི་ལོ་ ༢༠༠༢ ལོར་ཐུ་ལན་ལས་རིགས་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སློབ་ཐོན་སློབ་མ་ཁག་ཅིག་དྷ་རམ་ས་ལར་བོད་པའི་སྤྱི་ཚོགས་དང་རིག་གཞུང་རྗེ་རེས་བྱེད་བཅུག་པ་དང་སྦྲག ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཞིག་འགོ་བརྩམས་ཤིང་། ལས་འཆར་འདིའི་འོག་ང་ཚོས་མཐོ་སློབ་དང་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོ་ཁག་མི་འདྲ་བ་ ༡༣ ལ་རིག་གཞུང་བརྗེ་རེས་གོ་སྒྲིག་བྱེད་ཀྱི་ཡོད།

རྒྱལ་ཁབ་འགའ་ཤས་ནས་ཆེད་དུ་ཕེབས་པའི་སློབ་ཕྲུག་དང་ཁྱད་ལས་པ་བསྡོམས་པའི་ལོ་ལྟར་ཆ་ཤས་ལེན་མཁན་མི་གྲངས་ ༡༤༢ ཡས་མས་ཡོང་སྟེ། སྨན་གྱི་ཁྱད་ལས་པ་རྣམས་ཀྱིས་ང་ཚོའི་མིག་དང་སོ་ལ་བརྟག་དཔྱད་དང་འབྲེལ་བའི་འཕྲོད་བསྟེན་གྱི་ལས་གཞི་ལ་དྭང་བླངས་ཀྱིས་ཞབས་ཞུ་གནང་ཞིང་། ཕྱི་རྒྱལ་གྱི་སློབ་མ་མང་ཆེ་བས་ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་ཀྱི་ཨིན་ཡིག་དང་། ཧྤ་རན་སིའི་སྐད། རྒྱ་སྐད་སོགས་ཡར་རྒྱས་ཡོང་བར་རོགས་རམ་དང། ཁོང་ཚོས་དྭང་བླངས་ཞབས་ཞུ་གནང་བའི་ཞོར་དུ། ང་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། བོད་ཀྱི་རིག་གཞུང་། ནང་ཆོས། བོད་སྨན། ད་ལྟའི་བོད་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་སླད་བོད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་སྣེ་ཁྲིད་དང་། མཁས་དབང་སོགས་གདན་དྲངས་ནས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གོ་སྒྲིག་གིས། ཁོང་ཚོར་བོད་པའི་ཡུལ་སྲོལ་གོམས་གཤིས་དང་། རིག་གཞུང་། ནང་ཆོས། སྨན་རྩིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ད་ལྟའི་བོད་ཀྱི་གནས་བབས་སོགས་ཀྱི་སྐོར་འགྲེལ་བརྗོད་དང་གོ་རྟོགས་སྤེལ་གྱི་ཡོད།

རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་ཚོས་དྷ་རམ་ས་ལ་དང་བཙན་བྱོལ་བོད་མིའི་འཚོ་བ་བཅས་ལ་རྒྱུས་ལོན་དང་། ཕན་ཚུན་འབྲེལ་འདྲིས། བོད་ཀྱི་ནང་ཆོས་དང་རིག་གཞུང་སྣ་ཚོགས་རྒྱུས་ལོན་གང་ལེགས་གནང་གི་ཡོད་པས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། རིག་གཞུང་བརྗེ་རེས་བྱེད་སྐབས། ལྷའི་སྐྱབས་བཅོལ་བོད་མི་སློབ་མ་རེ་རེས་བོད་པའི་སྐད་ཡིག་དང་རིག་གཞུང་གི་སྐོར་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྟངས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང། བོད་མིར་མནར་གཅོད་གཏོང་སྟངས། བོད་ནས་སྐྱབས་བཅོལ་དུ་ཡོང་སྐབས་དཀའ་སྡུག་ཅི་ཙམ་འཕྲད་ཀྱི་ཡོད་མེད་སོགས་འགྲེལ་བརྗོད་བྱེད་པ་དང་། སྐྱབས་བཅོལ་དུ་འབྱོར་རྗེས་ཆོས་དད་རང་དབང་སོགས་ཕྱོགས་མང་པོ་ཞིག་ནས་རང་དབང་ཁེ་ཕན་ཡོད་ཀྱང་། ནང་མི་དང་སྤུན་མཆེད་སོགས་ཡོད་ཚད་རྒྱབ་ཏུ་བསྐྱུར་དགོས་པའི་གནས་སྟངས་འོག་སྐྱབས་བཅོལ་བའི་མི་ཚེའི་ནང་གི་འཚོ་བའི་དཀའ་ངལ་སྐོར་གྱི་མྱོང་ཚོར་ཤོད་ཀྱི་ཡོད།

རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོས་ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ལ་ཆ་ཤས་བླངས་པ་བརྒྱུད། བོད་མིའི་ཆོས་དང་རིག་གཞུང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས། སྐྱབས་བཅོལ་བོད་མིའི་འཚོ་བ་བཅས་རྒྱུས་ལོན་ཡག་པོ་གནང་ཐུབ་པའི་གོ་སྐབས་དང་སྡིངས་ཆ་གལ་ཆེན་ཞིག་ཆགས་ཡོད། དེ་བཞིན་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་གང་ལེགས་སྤེལ་ཐུབ་ཀྱི་ཡོད་པ་རེད། རིག་གཞུང་བརྗེ་རེས་ཆེད་དུ་ཁོ་ན་མིན་པར་རྒྱལ་སྤྱིའི་ཚོགས་སྡེ་དང་གཙུག་ལག་སློབ་གྲྭ། དེ་བཞིན་གྲགས་ཆེའི་གསར་འགྱུར་རྒྱུད་ལམ་དང་མི་སྒེར་བ་ཞིབ་འཇུག་གནང་མཁན་ཆེས་མང་པོ་ཕེབས་ནས་བོད་པའི་སྤྱི་ཚོགས་དང་བོད་ཀྱི་གནད་དོན་སྐོར་རྒྱུས་ལོན་དང་ཤེས་རྟོགས་གནང་མཁན་དུས་ནས་དུས་སུ་ཕེབས་པ་རྣམས་ལའང་འབྲེལ་ཡོད་གནད་དོན་མང་པོའི་ཐོག་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད།