བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་མཚོན་ན་གཟེངས་རྟགས་གང་མང་ཐོབ་པའི་གཞུང་འབྲེལ་མིན་པའི་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཆེ་ཤོས་ཤིག་ཆགས་ཡོད་ཅིང་། ཚོགས་པ་འདི་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་ཨ་རིའི་མངའ་སྡེ་ལུའུ་སི་ཡ་ན་ནས་འགོ་འཛུགས་ཀྱིས་ལུའུ་སི་ཡ་ན་ཧི་མ་ལ་ཡའི་ཚོགས་པ་ (Louisiana Himalaya Association) ཞེས་མིང་བཏགས་ཡོད། LHA ལྷ་ཞེས་པའི་ཚོགས་པའི་མིང་ཡང་གོང་གསལ་ཚོགས་པའི་མིང་གི་བསྡུས་ཚིག་ཡིན་པས་ཚོགས་པ་འདིའི་མིང་གི་འབྱུང་ཁུངས་ཡང་དེ་ལྟར་ཡིན་ཞིང་། ཕྱིས་སུ་བོད་ཡིག་ནང་“ལྷ་”ཞེས་པ་འདི་རང་གི་མིང་ཐོག་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད།

lha history 01
lha history 03

ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ནང་ཐོག་མར་བྱམས་པ་ཚེ་རིང་དང་ཨ་རི་བ་ནེལ་གྷུ་ཌུ་རེ་གཉིས་ཀྱིས་གཙོ་བྱས་ཏེ་བོད་ནས་གསར་དུ་ཕེབས་མཁན་གཞོན་སྐྱེས་འགའ་མཉམ་འབྲེལ་གྱིས་གསར་འཛུགས་བྱས་ཤིང་། སྐབས་དེར་བྷག་སུ་ལམ་ཟུར་དུ་ཡོད་པའི་ལྕགས་ཤོག་ཁང་པ་ཆུང་ཆུང་ཞིག་ནང་ཚོགས་པའི་ལས་ཁུངས་དང་འཛིན་ཁང་སོགས་མཉམ་དུ་བེད་སྤྱོད་དང་འབྲེལ། ལས་གཞིའི་ཐོག་མ་ནི་ཨིན་ཇིའི་སྐད་ཡིག་དང་ཀམ་པུ་ཊར་འཛིན་གྲྭ་ཚོགས་ཤིང་། དེ་དང་མཉམ་དུ་གྱོན་གོས་དང་སྨན་སོགས་ཀྱི་ཞལ་འདེབས་བསྡུ་རུབ་དང་། རིན་མེད་བགོ་འགྲེམ། ཞོར་དུ་དྷ་སའི་ལམ་ཟུར་དུ་ཡོད་པའི་མཛེ་ནད་ཡོད་མཁན་རིགས་ལ་སྨན་བཅོས་ཡང་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༠༣ བར་ཚོགས་པའི་ལས་ཁུངས་དང་འཛིན་ཁང་སོགས་ས་གནས་དེ་རང་ལ་རྟེན་གཞི་བྱས་ཤིང་། རྗེས་སུ་སྤྱི་ཚོགས་ནང་ཞབས་ཞུའི་ལས་རིགས་དགོས་མཁོ་ཆེ་རུ་དང་འཛིན་གྲྭར་ཡོང་མཁན་སོགས་མང་དུ་ཕྱིན་པར་བརྟེན། ཕྱི་ལོ་ ༢༠༠༤ ལོར་ཚོགས་པའི་ལས་ཁུངས་དང་འཛིན་ཁང་སོགས་ད་ལྟའི་གནས་ཡུལ་དྷ་སའི་མཉམ་ལས་ཀྱི་གནམ་མཚོ་མགྲོན་ཁང་གི་ཁང་མིག་བདུན་ཙམ་གཡར་ཏེ་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་ཙམ་བྱེད་འགོ་བཙུགས། སྐབས་དེར་སྐད་ཡིག་འཛིན་ཁང་གཅིག་དང་ཀམ་པུ་ཊར་འཛིན་ཁང་གཅིག ཐབ་ཚང་གཅིག དཔེ་མཛོད་ཁང་གཅིག ལས་ཁུངས་གཅིག་བཅས་ཡོད།

lha history 04
lha history 05

ཕྱི་ལོ་ ༢༠༠༦ ལོར་ཚོགས་པའི་གནམ་མཚོ་མགྲོན་ཁང་གི་ཁང་མིག་ཆ་ཚང་གཡར་ཏེ་འཛིན་གྲྭ་འཚོགས་ས་དང་། ལས་ཁུངས། ལས་ཤག བསྐུ་མཉེ་གཏོང་ས། ཕྱི་རྒྱལ་ཚོར་བོད་ཡིག་སློབ་སའི་འཛིན་ཁང་། ཅ་དངོས་ཉར་ས་སོགས་ལ་བེད་སྤྱོད་བྱས་ཡོད། ཕྱི་ལོ་ ༢༠༠༥ ལོར་ཚོགས་པའི་འགན་འཛིན་ཟུར་པ་བཀྲ་ཤིས་རྡོ་རྗེའི་འགན་ཁུར་འོག་རྒྱ་གར་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་རྗེས། ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཁྱད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ། སྙན་ཐོ་འདོན་གྱི་ཡོད་པ་དང་། རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ཀྱིས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་བཞིན་པར་བརྟེན།

ཕྱི་ལོ་ ༢༠༠༩ དང་ ༢༠༡༢ སོ་སོར་མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་རྒྱ་གར་གཞུང་གི་ཁེ་མེད་ཚོགས་པའི་ཁྲིམས་སྒྲིག་ལྟར་ཁེ་མེད་ཚོགས་པ་ཡིན་པའི་ངོས་འཛིན་ཡིག་ཆ་ 12AA དང་ 80G གཉིས་ཀྱི་ལག་ཁྱེར་ཐོབ་ཡོད། ཚོགས་པ་འདི་ཉིད་ས་གནས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ནས་བཟུང་། ལུའུ་སི་ཡ་ན་ཧི་མ་ལ་ཡའི་ཚོགས་པའི་འཛིན་སྐྱོང་དང་འགན་འཛིན་ལྷན་ཚོགས་སོགས་ཁ་ཁ་ཡིན། འོན་ཀྱང་གོང་གསལ་ཚོགས་པ་དེས་ང་ཚོར་རོགས་སྐྱོར་གྱི་ཐོག་ནས་ལས་གཞི་འགའ་ཤས་དང་མཉམ་ལས་བྱས་དང་བྱེད་མུས་ཡིན་པ་རེད། སྤྱིར་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་གཙོས། ཧི་མ་ལ་ཡའི་མི་རིགས། དེ་བཞིན་ས་གནས་ཡུལ་མི་སོགས་གཞི་རིམ་མང་ཚོགས་ལ་དགོས་མཁོ་ཆེ་ཞིང་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་བྱ་རྒྱུ་དེ་ཡིན་པ་ལྟར། འདས་པའི་ལོ་ ༢༠ རིང་གཙོ་བོ་སློབ་གྲྭར་འགྲོ་རྒྱུའི་ལོ་ཚད་བརྒལ་བོད་རིགས་དང་། སློབ་སྦྱོང་གི་གོ་སྐབས་ཆ་ཚང་བ་མ་རག་ཀྱང་མུ་མཐུད་ཤེས་ཡོན་ལ་དོ་དབྱིངས་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་རྣམས་ལ་སྐད་ཡིག་དང་ཀམ་པུ་ཊར་སོགས་སློབ་ཁྲིད་བྱས་ཤིང་། སྐབས་ཕྲལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་ཡང་གོ་སྒྲིག་ཞུ་བཞིན་ཡོད།
lha history 06