ཉིན་ལྟར་ང་ཚོས་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་སོགས་ཀྱི་ལས་གཞི་རྣམ་གྲངས་ ༢༠ ཙམ་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན། དེའི་ཕན་ནུས་དང་གྲུབ་འབྲས། དེ་བཞིན་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་སྐོར་ཤེས་རྟོག་གསལ་པོ་ཡོང་བར་དུས་ནས་དུས་སུ་དཔྱད་ཞིབ་བྱེད་ཀྱི་ཡོད་ཅིང་། ད་ཕན་སྐད་ཡིག་འཛིན་གྲྭའིི་སློབ་མ་ཚོར་དཔྱད་ཞིབ་ཐེངས་གསུམ་དང་། འཐུང་ཆུ་གཙང་བཟོའི་ལས་གཞིར་དཔྱད་ཞིབ་ཐེེངས་གཉིས། སྤྱི་ཐབ་ཀྱི་ལས་གཞིར་དཔྱད་ཞིབ་ཐེངས་གསུམ། ཁོར་ཡུར་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་སྐོར་དཔྱད་ཞིབ་ཐེངས་གཅིག དྭང་བླངས་བ་ཚང་མར་མི་རེ་ངོ་རེར་བསམ་ཚུལ་བསྡུ་ལེན་དང་དཔྱད་ཞིབ། རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚང་མ་ལས་དགོངས་ཚུལ་བསྡུ་ལེན། འཕྲོད་བསྟེན་ལས་གཞིའི་སྐོར་དཔྱད་ཞིབ་སོགས་བྱས་ཡོད་པར་མ་ཟད།

ཕྱི་ལོ་ ༢༠༡༥ ལོར་ཨོ་སི་ཁྲུུའུ་ལི་ཡ་ནས་ཡིན་པའི་རིན་ཐང་དཔྱད་ཞིབ་མཁས་པ་གཉིས་ཀྱིས་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་རིང་ཚོགས་པའི་ལས་དོན་ཡོངས་རྫོགས་ལ་དཔྱད་ཞིབ་བྱས་པ་བརྒྱུད། ཤོག་ངོས་ ༩༠ ཡོད་པའི་དཔྱད་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གྱིས་ཡོངས་གྲགས་བྱས་ཤིང་། དཔྱད་ཞིབ་སྙན་ཐོའི་ནང་འཁོད་དོན་ལྟར་ན། ཚོགས་པའི་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་སོགས་ཀྱི་ལས་དོན་འདི་དག་སྤྱི་ཚོགས་ནང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་མ་ཟད། ཕྱི་རྒྱལ་དྭང་བླངས་བ་དང་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་ཚོ་བོད་པའི་སྤྱི་ཚོགས་ལ་འབྲེལ་འདྲིས་དང་། བོད་དོན་སྐོར་ཤེས་རྟོགས། ཚོགས་པའི་ཞབས་ཞུའི་ལས་དོན་མང་པོར་མཉམ་ཞུགས་ཀྱིས་ཆ་ཤས་ལེན་སྐབས། ཁོ་ཚོའི་མི་ཚེ་བཟང་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་ཕན་ཐོགས་དང་། དོན་དང་ལྡན་པའི་ཉམས་མྱོང་མང་པོ་གསག་རྒྱུའི་གོ་སྐབས་རག་ཡོད་ལུགས་དང་། དེ་བཞིན་གོང་གསལ་ལས་གཞི་ཁག་རེ་རེ་བཞིན་དཔྱད་ཞིབ་བྱས་པའི་གྲུབ་དོན་སྙན་ཐོའི་ནང་ལ་ཡང་ཞབས་ཞུ་ཁག་གི་ཁེ་ཕན་འཐོབ་མཁན་ཚོས་ཚད་མཐོའི་གདེང་འཇོག་དང་འབྲེལ། ཉིན་རེའི་འཚོ་བའི་ནང་མིག་མཐོང་ལག་ཟིན་གྱིས་ཁེ་ཕན་ཧ་ཅང་ཆེན་པོ་བྱུང་སྟེ་ང་ཚོའི་ཞབས་ཞུའི་ལས་དོན་ཁག་གིས་འདོད་བློ་ཁེངས་ཤིང་། བློ་སྐྱེད་རག་པ་དང་རང་སྟོབས་ཀྱི་ནུས་པ་སོགས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་དང་། ཁྱད་ལས་པ་དེ་གཉིས་ཀྱིས་ཚོགས་པའི་ལས་དོན་ཡར་རྒྱས་གཏོང་དགོས་པའི་གནས་དོན་ཁག་ཅིག་ཀྱང་གསལ་འདེབས་བྱས་ཡོད་པ་རེད།