བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་འཕྲིན།

Messag from Prof Samdhong Rinpoche

Messag from Prof Samdhong Rinpocheལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་གཟི་བརྗིད་དང་གྲུབ་འབྲས་ལྡན་པའི་ལོ་ཉི་ཤུ་འཁོར་བའི་དུས་བཟང་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ལྷ་ཚོགས་པར་ས་ཕྱོགས་འདྲ་མིན་ནས་ཡིན་པའི་སྒེར་སེམས་མེད་ཅིང་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་དང་། དྭང་བླངས་པ། དེ་བཞིན་ཚོགས་པའི་ལས་བྱེད་སོགས་ཀྱིས་ཆོད་སེམས་བཅས་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སུ་ཞབས་ཞུ་ཚད་ལྡན་སྒྲུབ་བཞིན་པ་དང་། དེ་བཞིན་རྒྱ་གར་ས་གནས་མི་མང་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་། འཁོས་ཀ་ཞན་ཞིང་རོགས་རམ་དགོས་མཁོ་ཡོད་པ་སོགས་ལ་རོགས་སྐྱོར་ཀྱིས་མི་ཧ་ཅང་མང་པོའི་འཚོ་གནས་ལ་འགྱུར་བ་གཏོང་བཞིན་པར་ཤེས་རྟོགས་བྱུང་བར་ཤིན་ཏུ་དགའ་པོ་བྱུང་།

སྤྱིར་མང་གཙོའི་སྤྱི་ཚོགས་དང་། དམིགས་བསལ་ང་ཚོའི་གཉན་འཕྲང་ཅན་གྱི་དུས་སྐབས་སུ། ཞི་བའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་གིས་འགན་འཁུར་དཔག་མེད་བླངས་ཏེ། སྤྱི་ཚོགས་ཡར་རྒྱས་ཀྱི་སྣེ་ཁྲིད་འོག རོགས་རམ་དགོས་ངེས་ཀྱི་མི་ཧ་ཅང་མང་པོའི་བདེ་དོན་ཆེད་དུ་ས་གནས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་མཉམ་ལས་ཀྱིས་ལས་དོན་སྒྲུབ་ཀྱི་ཡོད། ལྷ་ནི་དེ་འདྲའི་ཚོགས་པའི་ནང་གི་གཅིག་ཡིན། འཛམས་གླིང་གི་ས་ཕྱོགས་གང་ས་ནས་དྭང་བླངས་པ་དང་། རྒྱབ་སྐྱོར་བ། ལྷག་བསམ་གྱིས་ཕྱུག་པའི་ལས་བྱེད་སོགས་འདི་ལྟ་བུ་དང་ལྡན་པའི་སྒྲིག་འཛུགས་ཤིག་ཁོ་ནས་གཞན་ལ་ཕན་འདོགས་ཐུབ་པར་རེ་བ་བྱེད་ཆོག་ལ། གྲུབ་འབྲས་ཡག་ཤོས་ཤིག་ཡོང་བའི་དམིགས་ཡུལ་ཡང་འཛིན་ཆོག དེའི་སྟབས་ཀྱིས་ལྷ་ཚོགས་པས་འདས་པའི་ལོ་ཉི་ཤུའི་ནང་སྤྱི་ཚོགས་ཀྱི་ཡར་རྒྱས་དང་། ནུས་སྟོབས་གོང་འཕེལ་ལ་སྨན་པའི་སྤྱི་ཚོགས་ཞབས་ཞུ་སྣ་མང་ཞིག་བསྒྲུབས་ཐུབ་པ་བྱུང་ཡོད།
གཞན་ལ་ཞབས་ཞུ་བསྒྲུབ་པའི་ཆོད་སེམས་ཀྱི་ལྷག་བསམ་དང་དམ་བཅའ་འདས་པའི་དུས་ཚོད་ཀྱིས་བདེན་དཔང་བྱས་ཏེ། འོས་བབ་ལྡན་པའི་ཆེ་མཐོང་དང་། ངོས་འཛིན་བླ་མེད་ཐོབ་ཡོད་ལ། ལོ་དེ་དག་ནང་ལྷའི་བྱ་འགུལ་ཁག་བརྒྱུད་ནས་མི་ཤིན་ཏུ་མང་པོར་ཁེ་ཕན་ཆེན་པོ་ཐོབ་ཡོད།
དེར་བརྟེན་ངའི་ངོས་ནས་ལྷའི་ལས་དོན་མཐའ་དག་དང་། ལས་བྱེད། དྭང་བླངས་པ། སྦྱིན་བདག་སོགས་ལྷ་ཚོགས་པ་འདི་ཉིད་རྒྱལ་སྤྱིའི་རང་བཞིན་ཅན་དང་། ལམ་ལྷོངས་ལྡན་པའི་དེང་དུས་ཀྱི་སྒྲིག་འཛུགས་འདི་འདྲ་ཞིག་ཆགས་ཐུབ་པར་འབད་བརྩོན་དང་། རྒྱབ་སྐྱོར། རོགས་རམ་སོགས་ནུས་ཤུགས་འདོན་མཁན་ཡོངས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པའི་ལོ་ཟླར་རླབས་ཆེའི་ལམ་ལྷོངས་ཡོང་བའི་སྨོན་འདུན་གྲངས་མེད་ཡོད།
༢༠༡༧ ཟླ་ ༡༠ ཚེས་ ༡༢ ཉིན།

Leave your comment