སྔ་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའིི་སྐུའི་གོ་སྟོན་དང་བསྟུན་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་འགོ་འཛུགས་པ་ལྟར། འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་གལ་ཆེའི་གོ་སྐབས་འདི་དང་བསྟུན་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡ ཉིན་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ། བདག་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་གངས་ཅན་མགོན་པོའི་བཀའ་དྲིན་གྱི་ཆ་ཤས་ཅུང་ཟད་ཙམ་གསབ་ཐབས་ལ་དམིགས་ནས། དམིགས་བསལ་དོན་སྙིང་ལྡན་པའི་ཉིན་གཅིག་གི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་ཆེད་དོན་བགྲོ་གླེང་ཞིག་གོ་སྒྲིག་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་།
བགྲོ་གླེང་གི་བརྗོད་གཞི་ཁག་ནི་༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་མཛད་རྗེས་དང་དགོངས་གཞི་གཙོ་བོར་གྱུར་བའི་གང་ཉིད་ཀྱི་མཚན་གནས་རྗེས་འབྲེལ་དང་འབྲེལ་བའི་གལ་ཆེའི་སྒྲིག་འཛུགས་ཁག་གི་གལ་གནད་དང་། བཀའ་རྩོམ་གྱི་གལ་གནད། ནང་ཆོས་དང་ཚན་རིག་དབར་གྱི་དགོངས་ཚུལ་བརྗེ་རེས་ཀྱི་དགོངས་གཞི། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེ་དང་གངས་ཅན་བོད་མིའི་བར་གྱི་འདོར་ཐབས་མེད་པའི་འོས་འགན་དང་དད་དམ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད། བཀའ་དྲིན་རྗེས་དྲན་གྱི་ཆེད་དོན་བགྲོ་གླེང་དོན་དང་ལྡན་པ་ཡོང་ཆེད་ཤེས་ལྡན་མི་སྣའི་ཚོགས་ཆུང་ཟུར་འཛུགས་ཀྱིས་བརྗོད་གཞི་ཁག་གཏན་འབེབས་དང་། བརྗོད་གཞི་རེ་རེར་འཚམས་པའི་གསུང་བཤད་གནང་མཁན་ཁྱད་མཁས་མི་སྣ་དང་། དེ་ལ་གླེང་མོལ་གནང་མཁན་གྱི་ཤེས་ལྡན་མི་སྣ་ཡང་གདན་ཞུ་བྱས་ཡོད།
དེ་ཡང་གོང་ཚེས་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་གི་མཛད་སྒོར་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་བཅས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་དང་དྲུང་ཆེ་ཟུར་པ། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགོ་ཁྲིད་དང་ལས་བྱེད། སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་ ༡༥༠ རྩམ་གྱིས་བགྲོ་གླེང་ནང་མཉམ་བཞུགས་གནང་ཡོད།
བགྲོ་གླེང་གི་ཐོག་མར་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༼༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་གངས་ཅན་བོད་མིའི་བར་གྱི་འདོར་ཐབས་མེད་པའི་འོས་འགན་དང་དད་དམ་སྐོར།༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་བརྙན་པར་བརྒྱུད་གཟིགས་འབུལ་ཞུས་རྗེས། གཤམ་གྱི་བརྗོད་གཞིའི་ཐོག་ཁྱད་མཁས་མི་སྣ་རྣམས་ནས་གསུང་བཤད་དང་བགྲོ་གླེང་ལས་རིམ་འགོ་འཛུགས་ཞུས་ཡོད།
༡༽ ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་འཛུགས་ཀྱི་དགོངས་གཞི་དང་གལ་གནད་སྐོར། གསུང་བཤད་གནང་མཁན། དགའ་ལྡན་ཕོ་བྲང་ཡིག་ཚག་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག
༢༽ ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་རྩོམ་དང་དེའི་གལ་གནད་སྐོར། གསུང་བཤད་གནང་མཁན། སྐུའི་གསུང་འབུམ་ཞུ་སྒྲིག་པ་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་མཆོག།
༣༽ ༧གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚན་རིག་དང་ནང་ཆོས་དབར་འབྲེལ་ལམ་གསར་གཏོད་ཀྱིས་བོད་རྒྱུད་ནང་བསྟན་ལ་ཕན་འབྲས། གསུང་བཤད་གནང་མཁན། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག
༤༽ རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་འབྱུང་འགྱུར་བོད་ཀྱི་གནས་བབས་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད། གསུང་བཤད་གནང་མཁན། ནོར་གླིང་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག
༥༽ ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་ཁྱབ་ཚད་དང་ཤུགས་རྐྱེན། གསུང་བཤད་གནང་མཁན། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་རྒན་གཙང་ཕྲུག་སྟོབས་ལགས་མཆོག
༥༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་ནང་འཁོད་པའི་༸གོང་ས་མཆོག་གི་མཚན་གནས་ཁག་གི་གལ་གནད་དང་འབྱུང་འགྱུར་གྱི་གནས་བབས། གསུང་བཤད་གནང་མཁན། ས་རྰ་མཐོ་སློབ་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་རྒན་བསོད་ནམས་རྒྱལ་མཚན་མཆོག
གོང་གི་བརྗོད་གཞི་རེ་རེའི་ཐད་གསུང་བཤད་གནང་སྒྲུབ་རྗེས་གླེང་གློང་བ་རྣམས་ནས་སྟངས་འཛིན་གྱིས་བརྗོད་གཞི་དང་འབྲེལ་བའི་དྲི་བ་བཏང་བ་དང་། དེ་བཞིན་ཚོགས་བཅར་བ་རྣམས་ལ་ཡང་དྲི་བ་བཏང་རྒྱུའི་གོ་སྐབས་ཕུལ་ཡོད།
བགྲོ་གླེང་གི་ལས་རིམ་འདི་བརྒྱུད་ཚོགས་བཅར་བ་དང་ཐད་གཏོང་བརྒྱུད་མཉམ་བཞུགས་གནང་མཁན་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་དང་། ཁོང་གིས་ཚན་རིག་དང་ནང་ཆོས་དབར་འབྲེལ་ལམ་གསར་གཏོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་ནང་འཁོད་པའི་༸གོང་ས་མཆོག་གི་མཚན་གནས་ཁག་གི་གལ་གནད། དེ་བཞིན་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་འཛུགས་ལ་སོགས་པའི་རླབས་ཆེ་བའི་མཛད་པ་འཕྲིན་ལས་ལ་ཤེས་རྟོགས་དེ་བས་ཟབ་ཏུ་བཏང་ཐུབ་ཡོད་ལ། ལྷག་པར་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། ཆོས་སྲིད་གཉིས་ཀྱི་ཐད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་ལ་གུས་བརྩི་དང་བསྔགས་བརྗོད་དེ་བས་མཐོ་རུ་བཏང་ཐུབ་ཡོད།
མཐའ་དོན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་གི་ལས་རིམ་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བདེ་དོན་དང་། ཡང་སྒོས་གངས་ཅན་བོད་མི་ཡོངས་ལ་བཀའ་དྲིན་བསམ་བརྗོད་ལས་འདས་པ་བསྐྱངས་ཡོད་པར་བཀའ་དྲིན་རྗེས་དྲན་དང་། ༸གོང་ས་མཆོག་གི་བླང་དོར་ལམ་སྟོན་ལ་གང་ཐུབ་ཅི་ཐུབ་ཀྱིས་ལག་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུའི་འདུན་པ་བསྐྲུན་ཐུབ་པ་བྱུང་ཡོད། །
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས།











