ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་ཉམས་ཞིབ་པའི་ས་མིག་གསལ་བསྒྲགས། Secular Ethics fellowship Program

Ethics1

༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་གདམས་ངག་མང་པོ་གནང་ཡོད་པའི་ནང་ནས་ “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་” དང་ “འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་” ཞེས་པའི་གདམས་ངག་རྣམ་པ་གཉིས་པོར་དེང་སང་འཇིག་རྟེན་ཁྱོན་ཡོངས་ཀྱིས་ངོས་འཛིན་དང་། གདེང་འཇོག་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དང་ལེན་དང་།

དཔྱད་ཞིབ། ཉམས་ལེན་གནང་མཁན་ཧ་ཅང་མང་པོ་བྱུང་ཡོད་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་དེའི་སྐོར་ཉམས་ཞིབ་གནང་མཁན་དེ་ཙམ་བྱུང་མེད། ད་ཐེངས་ཨ་རི་བོད་ཀྱི་ཐེབས་རྩས་རོགས་རམ་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་ཉིད་ང་ཚོའི་སྤྱི་ཚོགས་ནང་དོན་ཕན་ལྡན་པའི་ལག་བསྟར་ཡོང་ཐབས་སྐོར་དུས་ཡུན་ལོ་གཅིག་རིང་གི་ཉམས་ཞིབ་པའི་ས་མིག་གཅིག་གི་གོ་སྐབས་ཡོད།

ས་མིག་འདིར་གཞི་རྩའི་ཆ་རྐྱེན་ཚང་དགོས་པ་གཤམ་གསལ།
དང་པོ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་ཁག་ལ་དགའ་དད་སྤྲོ་གསུམ་ཡོད་པ་གང་ཞིག་ལ་དེའི་ཐོག་ཉམས་ཞིབ་དང་སློབ་སྦྱོང་གི་འདུན་པ་རྩེ་གཅིག་ཏུ་ཡོད་མཁན། དེ་བཞིན་བོད་ཀྱི་ལེགས་བྱང་དང་སྐད་ཡིག་ལ་བྱང་ཆ་དང་དགའ་ཞེན་ཡོད་མཁན་ཞིག་ངེས་པར་དུ་ཡིན་དགོས།
གཉིས་པ། ངོས་འཛིན་ཡོད་པའི་མཐོ་སློབ་གང་རུང་ནས་ཉེ་བའི་གཙུག་ལག་རམས་འབྱམས་པའི་སློབ་ཐོན་ཟིན་པ་དང་བོད་ཀྱི་ལེགས་བྱང་དང་བོད་ཡིག་ཐོག་རང་སྐྱ་འཕེར་བའི་ཞིབ་འཇུག་གི་ཆེད་རྩོམ་འབྲི་ཐུབ་མཁན། དེ་བཞིན་ཨིན་ཡིག་གི་ཤེས་ཚད་གང་ལེགས་ཡོད་དགོས།
གསུམ་པ། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་སྦྱོང་གནང་མྱོང་ཡོད་པ་དང་བོད་ཡིག་ཐོག་རང་སྐྱ་འཕེར་བའི་ཞིབ་འཇུག་གི་ཆེད་རྩོམ་འབྲི་ཐུབ་མཁན་དང་དེ་བཞིན་ཨིན་ཡིག་གི་ཤེས་ཚད་གང་ལེགས་ཡོད་ན་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ་ཡིན།

ཉམས་ཞིབ་པའི་བརྗོད་གཞི་དང་འགན་ཁུར་སྐོར།
དང་པོ། ཉམས་ཞིབ་པ་དེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཉམས་ཞིབ་དང་སློབ་སྦྱོང་གཏིང་ཟབ་ཐོག་རིག་པའི་གཞུང་ལུགས་འདི་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་ཇི་ལྟར་སློབ་ཁྲིད་གནང་ཐུབ་མིན་སྐོར་དཔྱད་ཞིབ།
གཉིས་པ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་མཉམ་དུ་ལག་བསྟར་གནང་ཕྱོགས་ཀྱི་ཐབས་ལམ་སྐོར།
གསུམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་གི་འབྲེལ་ཡོད་ལས་བྱེད་དང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་རྒན། ཤེས་ཡོན་སྐོར་ལས་དོན་དང་ཟབ་སྦྱོང་སྤྲོད་མཁན་སོགས་དང་འབྲེལ་གཏུག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐབས་ལམ་སློབ་ཁྲིད་གནང་ཕྱོགས་དང་སློབ་གྲྭ་ཁག་གི་བོད་མིའི་ཡ་རབ་བཟང་སྤྱོད་མི་ཉམས་གོང་འཕེལ་ཡོང་ཐབས་སྐོར།
བཞི་པ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་འབྲེལ་ཡོད་ཁྱད་མཁས་མི་སྣ་ཁག་དང་ཐུག་འཕྲད་ཀྱིས་བཅར་འདྲི་དང་། གཞུང་ལུགས་འདིའི་སྐོར་ང་ཚོའི་སྤྱི་ཚོགས་ནང་ལག་བསྟར་དང་ཉམས་ལེན་གནང་ཕྱོགས་ཀྱི་ཐབས་ལམ་སྐོར།
ལྔ་པ། ང་ཚོས་ཆེད་འཛུགས་བྱས་པའི་མཁས་པའི་སློབ་སྟོན་ཚོགས་ཆུང་དང་འབྲེལ་ལམ་དམ་ཟབ་དང་ལམ་སྟོན་འོག་ལོ་གཅིག་གི་རྗེས་ཞིབ་འཇུག་གི་གྲུབ་དོན་ཤོག་ངོས་བརྒྱ་ལས་མི་ཉུང་བ་འབྲི་རྩོམ་གནང་སྟེ་འདི་ག་ལས་ཁུངས་སུ་འབུལ་ལམ་ཞུ་དགོས་པ་ཡིན།།།
དྲུག་པ། ཉམས་ཞིབ་ལོ་གཅིག་ཟིན་པའི་རྗེས་སུ་སློབ་གྲྭ་ཁག་དང་སྤྱི་ཚོགས་ནང་མུ་མཐུད་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་ལས་འགུལ་དང་ཟབ་སྦྱོང་སྤྲོད་མཁན་ཞིག་ཆགས་རྒྱུའི་ཆོད་སེམས་ཡོད་དགོས།

ཉམས་ཞིབ་པའི་ལས་དོན་དང་འདེམས་སྒྲུག་བྱེད་ཕྱོགས་ཀྱི་ཆ་རྐྱེན་གཞན་དང་མཐུན་རྐྱེན་སྐོར།
ས་མིག་འདིར་འཛུལ་ཞུགས་གནང་མཁན་ཕོ་མོ་དབྱེར་མེད་དང་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན། འདེམས་སྒྲུག་རྗེས་ཉིན་ལྟར་ལས་ཁུངས་ཀྱི་དུས་ཚོད་སྐབས་ཉིན་ཕྱེད་ཙམ་ང་ཚོའི་ལས་ཁུངས་ནང་ལས་ཀ་བྱེད་དགོས་པ་དང་དེ་བྱིངས་ཀྱི་དུས་ཚོད་ལ་ས་གནས་ས་ཐོག་ཏུ་བསྐྱོད་ཏེ་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་ཀྱིས་བཅར་འདྲི་དང་ཉམས་ཞིབ་བྱེད་དགོས།
ཟླ་རེའི་གླ་བབ་ཧིན་སྒོར་ ༢༢༠༠༠ ཡོད། ཐག་རིང་འགྲིམ་འགྲུལ་དགོས་རིགས་ལ་ཚོགས་པའི་ངོས་ནས་འཐུན་རྐྱེན་གང་འོས་སྦྱར་རྒྱུ་དང་། དེ་བཞིན་ཀམ་པུ་ཊར་དང་མཐུན་རྐྱེན་གཞན་སོགས་དགོས་གལ་བྱུང་ཚེ་གང་འོས་སྦྱར་རྒྱུ།

གོང་གསལ་ས་མིག་འདིར་ཐུགས་འདོད་ཡོད་མཁན་རྣམས་ཀྱིས་རང་ཉིད་ཀྱི་ཤེས་ཚད་དང་ཉམས་མྱོང་གི་ཕྱོགས་བསྡོམས་ (CV) དང་མཉམ་དུ་ས་མིག་འདིར་འཛུལ་ཞུགས་དགོས་པའི་རྒྱུ་མཚན་ཇི་ཡིན་སྐོར་སྙན་ཞུ་འབུལ་དགོས།
འདི་ག་ལས་ཁུངས་ནས་སྙན་ཞུ་ངོས་ལེན་བྱས་རྗེས་ཚོགས་སྡེ་སྒྲིག་འཛུགས་གཞན་ནང་ལས་ཀ་བྱེད་བཞིན་པ་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ་དགོས།
དཔྱ་ཁྲལ་ལག་དེབ་གཙང་འབུལ་ཟིན་པ་དང་གནས་ཡུལ་རྒྱ་གར་ནང་སྡོད་ཆོག་པའི་ལག་ཁྱེར་དུས་འགྱངས་ཟིན་པའི་ངོ་བཤུས།
ངོས་འཛིན་ཡོད་པའི་སྨན་ཁང་ཚད་ལྡན་ནས་གཟུགས་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར།
སློབ་ཐོན་ལག་ཁྱེར་གྱི་ངོ་བཤུས་དང་དེ་བཞིན་ལས་འཆར་འདི་དང་འབྲེལ་བའི་ཉམས་མྱོང་ཡོད་པའི་ཡིག་ཆ་རིགས་ཡོད་ན་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༧ བར་དུ་འདི་ག་ལས་ཁུངས་སུ་ངེས་འབུལ་ཐུབ་པ་དགོས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན།
འབྲེལ་གཏུག་གློག་འཕྲིན་ཁ་བྱང་། [email protected]
ཁ་པར། ༩༨༡༦༦༨༩༢༢༢
ལས་གཞི་འདི་ཨ་རི་བོད་ཀྱི་ཐེབས་རྩས་རོགས་དངུལ་གནང་།

Ethics1Ethics2

 

 

Leave your comment