བརྡ་འཕྲིན་བེད་སྤྱོད་དང་ཕན་ནུས་སྐོར།

Social Media

Social Mediaདུས་རབས་ཉེར་གཅིག་པའི་དུས་འགོ་ནས་བཟུང་འཛམ་གླིང་ནང་བརྡ་འཕྲིན་དར་ཁྱབ་ཤུགས་ཆེར་འགྲོ་བ་དང་བསྟུན། རྒྱལ་སྤྱིའི་ནང་རྒྱལ་ཁབ་དང་ཚོགས་སྡེ། མི་སྒེར་སོགས་ཀྱིས་ཉིན་རེའི་ལས་དོན་ཆེད་འབྲེལ་ལམ་དང་བརྡ་ཁྱབ་སོགས་མང་ཆེ་བ་བརྡ་འཕྲིན་བརྒྱུད་ནས་ལས་དོན་སྒྲུབ་འགོ་བཙུགས་ཡོད། རྒྱུ་མཚན་ནི་བརྡ་འཕྲིན་བརྒྱུད་དེ་ལས་དོན་ཁག་ལས་ཆོད་ཆེ་བ་དང་ཚགས་ཚུད་ཚད་ལྡན། འབྲེལ་ལམ་དང་བརྡ་ཁྱབ་སོགས་ཆེས་མགྱོགས་པས་སྐར་ཆ་འགའ་ཤས་ནང་འཛམ་གླིང་ཤར་ནུབ་བར་ཁྱབ་སྤེལ་ཐུབ་པའི་དགེ་མཚན་དང་ཁྱད་ཆོས་དུ་མ་ལྡན་ཡོད་པར་མ་ཟད། འགྲོ་སོང་ཆུང་བ་དང་རྒྱ་ཁྱབ་ཆེ་བ་སོགས་ཀྱི་ཕན་ནུས་ཆེན་པོ་ལྡན་ཡོད། ལྷག་པར་དུ་བརྡ་འཕྲིན་གྱི་ཁྱབ་ཁོངས་ནས་དྲ་ཚིགས་དང་། གློག་འཕྲིན། སྤྱི་ཚོགས་འབྲེལ་མཐུད་དྲ་གནས་སོགས་ནི་ང་ཚོའི་ཚོགས་པར་མཚོན་ན་ཉིན་རེའི་ལས་དོན་དང་ཁ་བྲལ་ཐབས་མེད་ཅིང་། དཔེར་ན་ཉིན་ལྟར་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ནས་སྐད་ཡིག་གཉིས་ཐོག་ཚོགས་པའི་དམིགས་ཡུལ་དང་། ཞབས་ཞུའི་ལས་དོན་ཁག དྭང་བླངས་ཀྱི་གོ་སྐབས་དང་དགོས་མཁོ་སོགས་དྲ་ཚིགས་བརྒྱུད་ནས་ཁྱབ་བསྒྲགས་དང་འབྲེལ་མཐུད་ཀྱིས་དྭང་བླངས་པ་མང་པོས་ང་ཚོའི་ལས་དོན་ལ་ཆ་ཤས་ལེན་ཐབས་དང་། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ་ཆེད་གསུང་རྩོམ་དང་། གསུང་བཤད། བོད་དོན་དང་འབྲེལ་བའི་ཉིན་རེའི་གནས་ཚུལ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སོགས་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ནས་ཡོངས་གྲགས་ཁྱབ་སྤེལ་བྱེད་ཐུབ་ཀྱི་ཡོད་ཅིང་། ཚོགས་པའི་གལ་ཆེའི་གནས་ཚུལ་སོགས་ནང་དོན་ཕུན་སུམ་ཚོགས་པ་ཡིག་ཐོག་དང་། བརྙན་པར། སྒྲ། པར་རིས་སོགས་བལྟ་ཉན་ཀློག་གསུམ་བྱས་པ་བརྒྱུད། འབྲེལ་ཡོད་ཤེས་བྱ་དང་གནས་དོན་མང་པོ་ལས་སླ་པོར་ཤེས་རྟོགས་ཐུབ་པའི་མཐུན་རྐྱེན་དོན་དང་ལྡན་པའི་བརྡ་འཕྲིན་ཁག་བེད་སྤྱོད་གཏོང་གི་ཡོད།

དེ་ཡང་དྲ་ཚིགས་ལ་མཚོན་ན་སྐད་ཡིག་གཉིས་ལྡན་གྱི་དྲ་ཚིགས་གསུམ་དང་། ཨིན་ཡིག་ཐོག་དྲ་ཚིགས་གཉིས། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ངོ་དེབ་དྲུག བརྙན་མཛོད་གཉིས། སྒྲ་མཛོད་གཅིག པར་མཛོད་གཅིག དེབ་དང་ཡིག་ཆ་འཇོག་ས་གཅིག འཕྲུལ་སྒྲ་སོགས་དྲ་ཚིགས་མི་འདྲ་བ་བདུན་དང་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་མི་འདྲ་བ་གྲངས་ ༡༠ ཙམ་བེད་སྤྱོད་ཀྱིས་ཉིན་རེའི་ཚོགས་པའི་ལས་དོན་ཁག་ཁྱབ་བསྒྲགས་དང་། འབྲེལ་མཐུད། ཚད་ལྡན་ཚགས་ཚུད་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་ལ། ང་ཚོའི་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ལ་གཟིགས་མཁན་མི་གྲངས་འབུམ་འགའ་ཤས་ལ་སླེབས་ཡོད། གོང་གསལ་བརྡ་འཕྲིན་བེད་སྤྱོད་ཚད་ལྡན་བྱས་པར་བརྟེན་ནས་ང་ཚོའི་ཚོགས་པར་ཕྱི་ལོ་ ༢༠༡༤ ལོར་ལྷོ་ཤར་ཨེ་ཤི་ཡའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སུམ་བརྒྱ་ལྷག་ཙམ་ནང་ནས་བརྡ་འཕྲིན་བེད་སྤྱོད་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་གཉིས་པ་དང་། ཕྱི་ལོ་ ༢༠༡༥ ལོར་ལྷོ་ཤར་ཨེ་ཤེ་ཡ་རྒྱལ་ཁབ་ནང་ནས་བརྡ་འཕྲིན་བེད་སྤྱོད་ཡག་ཤོས་གཏོང་མཁན་ཨང་དང་པོའི་གཟེངས་རྟགས་ཐོབ་ཡོད་པ་སོགས་གོང་སྨོས་ལྟར་ལགས་ཤིང་། དེ་ནི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་བརྡ་འཕྲིན་སྐོར་གཟེངས་རྟགས་ཐོབ་མཁན་ཐོག་མ་དེ་ཆགས་ཡོད་འདུག

Facebook
X
LinkedIn
WhatsApp
Email