ཚོགས་པ་ཞིག་གསར་འཛུགས་ཀྱིས་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་དམིགས་ཡུལ་དང་འཆར་གཞི་ལྟར་ལེགས་གྲུབ་ཡོང་བའི་ལས་དོན་བྱེད་པར་དཔལ་འབྱོར་གྱི་མཐུན་རྐྱེན་མེད་ཐབས་མེད་པ་ཡིན། སྤྱི་ཚོགས་དང་མི་སྒེར་ལ་དོན་ཕན་ལྡན་པའི་ལས་དོན་ཆེ་ཕྲ་ཇི་ལྟར་སྒྲུབ་རུང་དཔལ་འབྱོར་གྱི་རྒྱབ་རྟེན་མེད་ན་ལས་དོན་གྲུབ་འབྲས་ལྡན་ཞིང་དམིགས་ཡུལ་དང་མཐུན་པའི་ཕན་ཐོགས་ཡོང་གི་མེད་སྟབས། འདས་པའི་མི་ལོ་ཉི་ཤུའི་རིང་ང་ཚོའི་ཚོགས་པར་མཚོན་ན་སྤྱི་ཚོགས་ཀྱི་བདེ་དོན་དང་ཡར་རྒྱས་ཆེད་ལས་ཞིག་རྣམ་གྲངས་མང་པོ་ལག་བསྟར་གྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོན་ཡོད། ལས་དོན་དེ་དག་ཡོངས་རྫོགས་གྲུབ་འབྲས་ལྡན་པ་བྱུང་བར་གཙོ་བོ་ནི་དཔལ་འབྱོར་གྱི་འགྲོ་སོང་རྒྱ་ཆེན་བཏང་བ་ལས་བྱུང་ཡོད་ཅིང་། ཚོགས་པའི་དཔལ་འབྱོར་གྱི་སྲིད་བྱུས་ནི་རྒྱས་སྤྲོས་རྒྱུ་ངོམ་དང་། བག་མེད་ཆུད་ཟོས་སུ་མི་འགྲོ་བའི་ཐོག རང་འཚོ་དང་རྒྱུན་གནས་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། དམིགས་བསལ་ལས་འཆར་ཁག་ཕུད། འཛིན་སྐྱོང་དང་རྒྱུན་གྲོན་ནི་རོགས་ཚོགས་ལ་བརྟེན་མ་དགོས་པར་ད་བར་རང་འཚོའི་ངོ་བོ་ཐོག་གནས་ཐུབ་པ་བྱུང་ཡོད་།
ཕྱི་ལོ་ ༢༠༠༥ ལོར་ཚོགས་པ་འདི་ཉིད་གནས་ཡུལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ནས་བཟུང་། ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཁྱད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ། སྙན་ཐོ་འདོན་གྱི་ཡོད་ཅིང་། རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ཀྱིས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གི་ཡོད། དཔལ་འབྱོར་གྱི་གནས་སྟངས་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་གྱིས་རོགས་ཚོགས་དང་འབྲེལ་ཡོད་ཚང་མས་གསལ་པོ་མཁྱེན་རྟོགས་སླད། ལོ་ལྟར་ཚོགས་པའི་ལས་བསྡོམས་དང་མཉམ་དུ་ལོ་གཅིག་གི་བྱུང་སོང་སྐོར་མྱུར་འཕྲིན་བརྒྱུད་འབུལ་གཏོང་ཞུ་བཞིན་ཡོད་པར་མ་ཟད་། ང་ཚོའི་དྲ་ཚིགས་དང་འབྲེལ་གཏུག་དུས་དེབ་བརྒྱུད་ནས་ཡོངས་བསྒྲགས་བྱེད་ཀྱི་ཡོད། ལྷག་དོན་དུ་རོགས་ཚོགས་ཁག་ནས་རོགས་དངུལ་རག་རྗེས་ལས་འཆར་ལག་བསྟར་གྱིས་རོགས་དངུལ་གྱི་ཕན་འབྲས་དང་དངུལ་རྩིས་སོགས་ཆེད་ལྷག་མེད་པར་ལས་བསྡོམས་འབུལ་ལམ་ཞུས་ཏེ་རོགས་ཚོགས་ཚང་མས་ང་ཚོའི་ལས་བསྡོམས་ལ་གདེང་འཇོག་དང་བསྔགས་བརྗོད་ཡང་ཡང་ཡོང་གི་འདུག
ཕྱི་ལོ་ ༢༠༠༦ ལོར་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ནས་ད་བར་ཡོང་འབབ་ཁྱོན་བསྡོམས་ཨ་སྒོར་ ༧༤༣༤༠༣ དང་འགྲོ་སོང་ཆ་མཚོན་ན་ཁྱོན་བསྡོམས་ཨ་སྒོར་ ༧༦༢༠༤༨ ཡིན་ཞིང་ད་བར་ལས་འཆར་རང་ལ་འགྲོ་སོང་བཏང་བ་བསྡོམས་ཨ་སྒོར་ ༣༦༨༥༨༩ དང་འཛིན་སྐྱོང་ཆེད་དུ་འགྲོ་སོང་བཏང་བ་ཨ་སྒོར་། ༣༦༧༥༧༢ ཚོགས་པའི་ས་ཁང་དང་འཛིན་ཆས་སོགས་རིན་ཐང་ཚོད་རྩིས་ལྟར་ན་ཨ་སྒོར་ ༧༡༦༧༦༤ ཡིན་པ་རེད།
ང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་དང་། སློབ་ཕྲུག་དང་དྭང་བླངས་པ་ཚོར་ལྷའི་ཞི་བའི་ཚལ་དུ་སྡོད་གནས་གོ་སྒྲིག་སོགས་ཀྱི་ཡོང་སྒོ་ལ་བརྟེན་ནས་ཚོགས་པའི་ཉིན་རེའི་ལས་འཆར་ཁག་རང་ཁ་རང་གསོ་ལྟ་བུ་ཆགས་ཡོད་ཅིང་། དཔེར་ན། སྐད་ཡིག་འཛིན་གྲྭ་ཁག་དང་། ཀམ་པུ་ཊར་འཛིན་གྲྭ། གཞན་ཡང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མང་པོ་ཞིག་རོགས་དངུལ་མེད་པའི་ཐོག་ནས་ལག་བསྟར་ཐུབ་ཀྱིན་ཡོད་ཀྱང་། གལ་ཆེའི་ལས་འཆར་གཞན་ཁག་ཅིག་ཡར་རྒྱས་དང་ལག་བསྟར་བྱེད་པར་གཏོང་ཕོད་ཆེ་བའི་རོགས་ཚོགས་དང་མི་སྒེར་སོགས་ཀྱིས་རྒྱབ་སྐྱོར་མེད་ཐབས་མེད་པ་ཆགས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་དམིགས་བསལ་གྱི་སྤྱི་ཚོགས་ཞབས་ཞུ་དང་། དགོས་ངེས་ཀྱི་ལས་གཞི། དཔེར་ན། ལྷའི་སྤྱི་ཐབ་དང་། འབྲེལ་གཏུག་དུས་དེབ། འཐུང་ཆུ་གཙང་བཟོ། མིག་དང་སོའི་སྨན་བཅོས་ལྟ་རྟོགས། གཉེན་ནད་རེག་དུག་ (HIV) དང་། (AIDS) ལྟ་བུ་དང་། ཁོར་ཡུག་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་སོགས་ཚུད་ཡོད་པ་རེད།
དེར་མ་ཟད་ང་ཚོས་ད་དུང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ལས་འཆར་དང་བྱེད་སྒོ་གསར་པ་འགོ་འཛུགས་བྱེད་པའི་སྐབས་རོགས་དངུལ་སོགས་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་པ་ནི་སྨོས་མེད་རེད།
ཕྱི་ལོ་ ༢༠༡༤ ལོར་ཚོགས་པའི་དཔལ་འབྱོར་འདུ་འགོད་ཆེད་ལྷ་བོད་ཀྱི་ལུགས་མཐུན་བཟོ་ཚོང་ལས་ཁང་གསར་འཛུགས་བྱས་ཤིང་། བཟོ་ཚོང་ལས་ཁང་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཚོགས་པས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་རྒྱུན་གནས་ཆེད་དཔལ་འབྱོར་ཡོང་ཁུངས་སུ་དམིགས་པ་ཞིག་དང་། གཉིས་པ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བཟོ་སྐྲུན་བྱེད་བཞིན་པའི་ལག་བཟོའི་ཐོན་སྐྱེད་ཁག་ཕྱིར་ཚོང་གི་ཐབས་ལམ་འཚོལ་རྒྱུའི་ཆེད་ཡིན་ལ། བཟོ་ཚོང་ལས་ཁང་འདིས་ཚོགས་པའི་དཔལ་འབྱོར་ལ་ཕན་ཐོགས་གང་ལེགས་བྱུང་བཞིན་ཡོད།