ལྷ་སྤྱི་ཚོགས་ཞབས་ཞུའི་འབྲེལ་གཏུགས་དུས་དེབ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས། འབྲེལ་གཏུགས་དུས་དེབ་ (Contact Magazine) འདི་འདས་པའི་དུས་ཡུན་ལོ་ངོ་ ༡༤ ཙམ་གྱི་རིང་སྤྱི་ཚོགས་ནང་རིན་མེད་འགྲེམས་སྤེལ་བྱས།

Contact Magazineདུས་དེབ་འདི་ད་ཆ་རྒྱ་གར་དབུས་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གི་ཚགས་ཤོག་ཁྲིམས་མཐུན་དེབ་སྐྱེལ་ལས་ཁུངས་ལ་ཡོངས་སུ་དེབ་སྐྱེལ་བྱས་ཟིན་ཅིང་། དེབ་སྐྱེལ་ཨང་གྲངས་ནི། HPENG/2013/51798. ཡིན།

དུས་དེབ་འདི་འཛམ་གླིང་གི་འགྲུལ་བཞུད་སྣེ་ཤན་གྱི་དེབ་ཁྱབ་ཆེ་ཤོས་ (Lonely Planet) དང་དེ་བཞིན་འགྲིམ་འགྲུལ་ཚོགས་སྡེ་ཁག་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དུས་དེབ་འདིའི་ནང་གཙོ་བོར་བོད་ཀྱི་དངོས་ཡོད་གནས་སྟངས་དང་དྷ་རམ་ས་ལའི་གནས་ཚུལ་སོགས་བཀོད་བཞིན་ཡོད།

དུས་དེབ་ནང་བོད་ཀྱི་གནས་ཚུལ་ཙམ་མ་ཡིན་པར་ས་གནས་ཀྱི་གནས་ཚུལ་དང་། རྒྱལ་སྤྱིའི་ཡུལ་སྐོར་བའི་གནས་ཚུལ་སོགས་ཀྱང་བཀོད་བཞིན་ཡོད།
དུས་དེབ་འདི་ནི་བོད་མིས་དཔར་སྐྲུན་བྱེད་བཞིན་པའི་ཨིན་ཡིག་དུས་དེབ་ཁག་ནང་ནས་དུས་ཡུན་རིང་ཤོས་ཀྱི་དུས་དེབ་ཅིག་ཆགས་ཡོད་པ་རེད།

དུས་དེབ་འདི་ཟླ་བ་རེ་ཐེངས་རེ་དཔར་བསྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད་ཅིང་། དཔར་ཐེངས་རེར་ཁྱོན་དེབ་གྲངས་ ༧༠༠ ནས་ ༡༠༠༠ བར་དཔར་ནས་དྷ་རམ་ས་ལ་དང་། ལྡི་ལི། གཞན་ཡང་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལ་འགྲེམས་སྤེལ་བྱེད་བཞིན་ཡོད།

འབྲེལ་གཏུགས་དུས་དེབ་འདི་ཁ་ཐུག་འབྲེལ་གཏུགས་དྲ་རྒྱའི་ http://contactmagazine.net/ ཐོག་ནས་ཀྱང་དུས་ཐོག་ཏུ་ལྟ་ཀློག་བྱེད་ཐུབ།