ཕྱི་ལོ་ ༢༠༡༤ ལོའི་ལྷའི་སོ་དང་མིག་བརྟག་དཔྱད་དང་སྨན་བཅོས་ཀྱི་ལས་གཞི་ལག་བསྟར་བྱས་པ།

Lha Dental Care and Clear Visionལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འདས་པའི་དུས་ཡུན་ལོ་ ༦ རིང་བསྟུད་མར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་དང་མིག་བརྟག་དཔྱད་དང་སྨན་བཅོས་ཀྱི་མཐུན་འགྱུར་ལས་གཞི་ཞིག་མུ་མཐུད་ལག་བསྟར་བྱས། ལས་འཆར་དེ་ནི་ཕྱི་ལོ་ ༢༠༠༩ ལོར་རོགས་དངུལ་ཉུང་ཉུང་ཞིག་ཐོག་ནས་འགོ་འཛུགས་ཀྱིས་ད་བར་ཁྱོན་མི་གྲངས་

༧༤༥ ལ་ཕན་ཐོགས་བྱུང་ཞིང་། དེའི་ནང་ཁྱོན་མི་གྲངས་ ༢༥༨ ལ་རིན་མེད་མིག་ཤེལ་གསར་བཟོ་བྱས་ཡོད།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་མན་ཌེ་རྫོང་སྦིར་ཁུལ་དུ་རིན་མེད་སོ་དང་མིག་བརྟག་དཔྱད་སྨན་བཅོས་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་། ས་གནས་དེར་ཁྱོན་མི་གྲངས་ ༣༧༨ ལ་སོ་བརྟག་དཔྱད་དང་། གཙང་བཟོ། རྩ་བཀོག སྨན་བཅོས་སོགས་བྱས།

སྐབས་དེར་མི་གྲངས་ ༢༣ གྱི་སོར་གློག་དཔར་བརྒྱབ་པ་དང་། མི་ ༡༨ ལ་སོ་གསར་འཛུགས། མི་ ༩ ལ་སོ་ཤུབ་བཀོན་པ། མི་ ༥ ཡི་སོ་ཚགས་བསྡམས།

ཕྱི་ཟླ་ ༡༢ པའི་ཚེས་ ༡༧ ཉིན་ས་གནས་དེ་གར་རང་དུ་རིན་མེད་མིག་བརྟག་དཔྱད་ཀྱི་ལས་གཞི་ལག་བསྟར་དེའི་སྐབས། ཁྱོན་མི་གྲངས་ ༧༡ ཙམ་ལས་གཞི་དེའི་ནང་མཉམ་ཞུགས་བྱས་པ་དེའི་ནང་མི་ ༣༥ ཡི་མིག་བརྟག་དཔྱད་དང་། མི་ ༡༤ ཡི་མིག་སྨན་བཅོས། མི་ ༣༢ ལ་མིག་ཤེལ་གསར་བཟོ་བཅས་བྱས།

སྐབས་དེར་སྐྱབས་བཅོལ་བོད་མི་ཙམ་མ་ཟད་ས་གནས་དེར་སློབ་སྦྱོང་གནང་བཞིན་པའི་ཧི་མ་ལའི་རི་བརྒྱུད་ཀྱི་དགེ་འདུན་པ་དང་བཙུན་མ་མང་པོ་ཞིག་ལའང་མཉམ་དུ་སོ་དང་མིག་བརྟག་དཔྱད་དང་སྨན་བཅོས་ཀྱི་ཁེ་ཕན་བསྐྲུན་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ད་ཐེངས་ཀྱི་ལས་གཞིའི་འདིའི་འོག་ཁེ་ཕན་ཐོབ་མཁན་མི་མང་ཡོངས་ཀྱི་ཚབ་ཞུས་ནས་གཏོང་ཕོད་ཆེ་བའི་སྦྱིན་བདག་དང་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་ལུ་སིད་ཨ་ནཱ་ཧི་མ་ལ་ཡ་ཚོགས་པས་Louisiana Himalaya Association (LHA) རྒྱབ་སྐྱོར་ལ་བརྟེན་ནས་ལས་གཞི་འདི་ལམ་ལྷོང་བྱུང་བ་དང་། མ་འོངས་པར་མི་མང་དེ་ལས་མང་བར་ཕན་ཐོགས་བསྐྲུན་པར་ང་ཚོའི་ལས་གཞིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད།