ཨ་རི་ནས་སློབ་ཚོགས་གསར་པ་ཞིག་དང་རིག་གཞུང་བརྗེ་རེས་བྱས།

Frostburg State University 1ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༩ ཉིན་ཨ་རིའི་ཕྷོ་རོ་སི་ཊི་བྷུར་གྷ་གཙུག་ལག་སློབ་གཉེར་ཁང་ (Frostburg State University) གི་འགོ་ཁྲིད་དང་ཉམས་མྱོང་སྦྱོང་བརྡར་གྱི་འགན་འཛིན་སྐུ་ཞབས་དྷ་གྷ་ལཱ་སི་བྷིར་(Dauglas Bear) ལགས་དང་མཁས་དབང་ཝི་ཀི་ཊོ་རཱ་གྷར་ཧར་ཊི་ (Victoria Gearhart) གཉིས་ཀྱིས་

སྣེ་ཁྲིད་པའི་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཕྲུག་ ༦ དང་། གློག་བརྙན་སྒྲིག་བཟོ་ཆེད་མཁས་པ་ ༡ བཅས་ཁྱོན་མི་གྲངས་ ༩ ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་རིག་གཞུང་བརྗེ་རེས་ཆེད་དྷ་རམ་ས་ལར་འབྱོར།

Frostburg State University 2ཉིན་དང་པོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དྲུང་ཆེ་སྒྲུབ་ལྡན་སྐྱིད་ལགས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ཚོགས་པའི་ལས་དོན་ངོ་སྤྲོད་དང་། དེ་ཉིན་ཕྱིར་དྲོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་དང་། བོད་ནང་གི་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་བཅས་ངོ་སྤྲོད་གནང་།
རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་མ་དང་ལྷའི་སློབ་ཕྲུག་དབར་གར་སྡེབ་ཀྱིས་ཕན་ཚུན་རྒྱུས་ལོན་དང་ ཉམ་མྱོང་སྤེལ་རེས་དང་། ཕྱི་ཚེས་ ༢༠ ཉིན་སློབ་མ་རྣམས་ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནང་དང་བླངས་ལས་ཀར་ཞུགས་ནས་བོད་པའི་ཁ་ལག་བཟོ་སྟངས་དང་། སྐྱབས་བཅོལ་བོད་མིར་ཞབས་ཞུ་སྒྲུབ་སྟངས་སོགས་རྒྱུས་ལོན་བྱས།
དེ་ཉིན་ཕྱི་དྲོར་སློབ་ཕྲུག་རྣམས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སུ་ཕེབས་ནས་བཙན་བྱོལ་ནང་གི་སྐྱབས་བཅོལ་བུད་མེད་ཀྱི་ཐོབ་ཐང་དང་། ཤེས་ཡོན་སློབ་གསོ་སྐོར་རྒྱུས་ལོན་བྱས།
Frostburg State University 3དེ་བཞིན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོལ་ལགས་གདན་འདྲེན་ཞུས་ནས། ཁོང་གིས་སྤྱིར་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་། ཁོང་སྒེར་གྱི་ཉམས་མྱོང་། དེ་བཞིན་བཙན་བྱོལ་བོད་མིའི་རང་དབང་འཐབ་རྩོད་བཅས་ཀྱི་སྐོར་འགྲེལ་བརྗོད་དང་། དྲི་བར་དྲིས་ལན་བཅས་གནང་།
Frostburg State University 4ཕྱི་ཚེས་ ༢༢ ཉིན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགེ་སློབ་རྣམས་ལ་བདེན་བཞིའི་རྣམ་གཞག་སོགས་ནང་ཆོས་དང་འཚེ་བ་མེད་པའི་བལྟ་གྲུབ་སྐོར་ངོ་སྤྲོད་གསུང་བཤད་དང་། གཞན་ཡང་གཞི་རིམ་སྒོམ་གྱི་འགྲོ་སྟངས་དང་ཤེས་ཡོན་སློབ་གསོ་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།
ཐེངས་འདིར་སློབ་ཕྲུག་རྣམས་ཀྱིས་བོད་པའི་ཆོས་དང་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད། བཙན་བྱོལ་བོད་མིའི་གནས་སྟངས་བཅས་ཀྱི་སྐོར་རྒྱུས་ལོན་གང་ལེགས་བྱུང་ཡོད་པ་རེད།
ཉིན་མཐའ་མར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དགེ་སློབ་རྣམས་ལ་དགོང་མོའི་གསོལ་སྟོན་ཞིག་བཤམས་པ་དང་། སྐབས་དེར་དགེ་སློབ་རྣམས་ལ་བོད་ལུགས་ཁ་བཏགས་སྒྲོན་པ་དང་ལྷའི་དྲན་རྟེན་ལག་རྟགས་བཅས་ཕུལ།
ཐེངས་འདིར་དགེ་སློབ་རྣམས་ལ་བོད་དང་བོད་མིའི་བག་ཆགས་དང་སེམས་ཚོར་ཟབ་མོ་བྱུང་འདུག་ལ། སློབ་ཕྲུག་ཁག་ཅིག་མིག་ཆུ་བཏང་ནས་ད་ཐེངས་ཀྱི་རིག་གཞུང་བརྗེ་རེས་སྐབས་ཀྱི་གནས་ཚུལ་རྣམས་མི་ཚེའི་ནང་བརྗེད་མི་སྲིད་ལ། མ་འོངས་པར་རང་ནུས་གང་ཡོད་ཀྱིས་བོད་དང་བོད་མིར་རྒྱབ་སྐྱོར་གྱི་ལས་དོན་སྒྲུབ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་སོང་།