མཆིན་པའི་གཉན་ཚད་སྔོན་འགོག་སྐོར་གཏམ་བཤད།

Lha talk About Hepatitisཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ཚེས་ ༢༨ འཛམ་གླིང་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་(National Hepatitis Day) ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཛིན་ཁང་དུ་

ལྷའི་ཁོར་ཡུག་དང་འཕྲོད་བསྟེན་ལས་བྱེད་དྲི་མེད་ཚེ་རིང་ལགས་ཀྱིས་ལྷའི་ཁ་བརྡ་འཛིན་གྲྭར་ཕེབས་པའི་སློབ་མ་ ༥༠ ཙམ་ལ་མཆིན་པའི་གཉན་ཚད་(Hepatitis)ཞེས་པ་ག་རེ་ཡིན་མིན་དང་། དེའི་ཉེན་ཁ། སྔོན་འགོག་བྱེད་སྟངས་འགྲེལ་བརྗོད་གཏམ་བཤད་དང་སློབ་ཕྲུག་རྣམས་དང་དྲི་བ་དྲིས་ལན་བྱས།

བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་གསུངས་པར་ལྟར་ན། སྤྱིར་ནད་གཞི་འདིར་ཕྱི་ལུགས་ནས་སྲིན་རིགས་སམ་ནད་འབུ་རིགས་ཤིག་གི་རྐྱེན་བྱས་ཏེ་མཆིན་པར་གཉན་ཚད་རྒྱས་པར་ངོས་འཛིན་བྱེད་པ་དང་། དེར་རྐྱེན་དང་འཕྲད་ཚེ་མཆིན་པའི་བྱེད་ལས་ཉམས་ཅིང་དུས་ཐོག་སྨན་བཅོས་མ་བྱས་ཚེ་རིམ་པས་མཆིན་པར་སྐྲན་དང་འབྲས་ནད་འབྱུང་བ། མཐར་འགྲོ་བའི་ཚེ་སྲོག་འཕྲོག་པའི་རྒྱུའམ་གཤེད་མ་ལྟ་བུ་བྱེད་པ་ཡིན་གསུངས།

རང་ལུགས་འཚོ་བྱེད་སྨན་པས་ནད་གཞི་འདིའི་ཐོག་འདོད་ཚུལ་འདྲ་མིན་སྣང་བར་ལ་ལས་མཆིན་ནད་ལྡེམ་བུ་དང༌། ལ་ལས་མཆིན་ནད་དུག་ཐབས། མཆིན་པའི་གཉན་ཚད། ཚ་མཁྲིས། དྭངས་མ་མ་ཞུའི་མཆིན་ནད་དུག་ཐབས་སོགས་ཐ་སྙད་འདོགས་ཀྱང་དོན་དུ་གཉན་ཚད་ཡུན་དུ་ལོན་པའི་སྲིན་དང་ལྡོངས་ཟླ་ཡོད་པའི་མཆིན་པའི་གཉན་རིམས་ཞིག་ཡིན་པར་གདོན་མི་ཟ། དེང་གི་ཆར་རྒྱལ་སྤྱིའི་ནང་ནད་གཞི་འདིའི་རྐྱེན་པས་མི་བུམ་དྲུག་ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་ལོ་ལྟར་མི་ས་ཡ་མང་པོ་ནད་འབུ་འདི་འགོས་ཁྱབ་འགྲོ་བཞིན་ཡོད་པ་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁང་ནས་སྙན་ཐོ་སྟོན་གནང་ཡོད་པས་དེ་བཞིན་རང་རེའི་སྤྱི་ཚོགས་ནང་དུའང་ནད་གཞི་འདི་ཡོད་མཁན་མི་ཉུང་བ་ཡོད་སྟབས་རང་ཉིད་ལའང་འགོས་ཁྱབ་མི་ཡོང་བའི་ཐབས་ལ་འབད་དགོས་པ་གཙོ་ཆེར་སྣང་།

༢། ནད་ཀྱི་རྒྱུ་རྐྱེན། བོད་ལུགས་གསོ་བ་རིགས་པས་དྭངས་མ་མ་ཞུ་བའི་དབང་གིས་མཆིན་པར་ཁྲག་ངན་རྒྱས་ཏེ་མཆིན་རྩར་གནས་ཅིང་ལྷན་སྐྱེས་སྲིན་དང་བསྡོངས་ཏེ་བྱུང་བར་འདོད།

༣། སློང་རྐྱེན། སྨན་གཞུང་ལས། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། ཅེས་དང༌། །ཟས་སྤྱོད་ལོག་པས་ནད་རྣམས་སྐྱེད་པར་བྱེད། ཞེས་པ་ལྟར་མདོར་ན་ནད་ཐམས་ཅད་སྐྱེད་པར་བྱེད་མཁན་ནི་ཟས་དང་སྤྱོད་ལམ་གཉིས་དམན་ལྷག་ལོག་པ་ལས་བྱུང་བར་གསུངས་ཡོད། སྐབས་འབབ་མཆིན་ནད་ (Hep-B ) ལ་ཆ་བཞག་ན། ནད་གཞི་འདིས་མིའི་གཟུགས་པོའི་དོན་སྣོད་རྣམས་ལས་དམིགས་སུ་མཆིན་པར་གཙོ་བོ་གནོད་སྐྱོན་གཏོང་བཞིན་ཡོད། མཆིན་པ་ནི་དྲོད་ཀྱི་རང་བཞིན་ཡིན་སྟབས་དེ་དང་མཚན་ཉིད་མཐུན་པའི་ཁ་ཟས་ཚྭ་སྐྱུར་ཤས་ཆེའི་རིགས་རྒྱུན་དུ་བསྟེན་པ་སྟེ་དཔེར་ན་ཆང་རག་དང་བོད་ཇ་མཐུང་བ་ལྟ་བུ། འོ་མ་གྲང་མོ། ཤིང་ཏོག་མ་སྨིན་པ། ཞོ་མ་ལངས་པ། དར་བ་དང་ཇ་གར་པོ། སྔོ་ཚལ་རྙིང་པ། རྗེན་ཚལ། ཤ་རྙིང་དྲི་མ་ཅན་ནམ་བཙོག་པའི་རིགས། ཡང་བྱ་ཤ་ཕག་ཤ་སོགས་ཚིལ་སྣུམ་རིགས་བསྟེན་དྲགས་པ། གཞན་ཡང་མར་དང་སྣུམ་ལ་བརྔོ་བསྲེག་བྱས་པའི་ཁ་ཟས་རིགས། བྱའི་སྒོ་ང༌། ཤ་དང་རྒྱུ་མ་དང་གློ་བ་སྣུམ་བསྲེག་ཅན། སྟར་ཁའི་འབྲས་བུ་དང་བྷ་དམ་ལ་སོགས་པ་སྣུམ་ལྡན་རིགས་ཚད་ལས་མང་བ་མཆོད་པ། རུལ་སུངས་རིགས་ཏེ་ཕྱུ་ར་རྙིང་པ་ལྟ་བུ། ཕག་ཤ། ལ་ཕུག་སོགས་བསྙལ་བའི་རིགས་དང༌། དེ་བཞིན་སྤྱོད་ལམ་དུའང་རང་རྒྱུད་ལ་ཞེ་སྡང་དང་ངར་རྒྱལ་དྲག་པོ་སྐྱེད་པ། འཁྲུགས་ལས་རིགས་བྱེད་དྲགས་པ་དཔེར་ན་ལུས་རྩལ་རིགས་རྩེད་དྲགས་པའམ། ཉིན་མར་ཤུགས་ལས་བྱེད་དྲགས་པ། ཡང་ན་ལུས་ལ་རྩོལ་བ་མེད་པར་དལ་བར་གནས་དྲགས་པ། དོན་རྐྱེན་གྱིས་མྱ་ངན་སེམས་ངལ་བྱེད་དྲགས་པ་སོགས་ཀྱིས་མཆིན་པར་གནོད་སྐྱོན་དང་དེའི་བསྲུང་སྐྱོབ་ཀྱི་ནུས་པ་ཇི་ཞན་དུ་བཏང་ཏེ་ནད་འབུ་དེ་འགོད་ཁྱབ་བྱུང་ནས་ནད་འདི་སློང་བར་བྱེད་པ་མ་ཟད། རིམ་པས་རིམས་ནད་གཞན་ལྟར་གཞན་ལའང་འགོས་ཁྱབ་འགྲོ་བའི་ནད་གདུགས་པ་ཅན་ཞིག་ཡིན།

༤། ནད་རྟགས། ནད་གཞི་འདི་ཐོག་མར་བྱུང་སྐབས་མངོན་ཚུལ་རྟགས་གསལ་པོ་གང་ཡང་མེད་པར་བག་ལ་ཉལ་བའི་ཚུལ་བཞིན་གནས་པ་དང༌། བར་དུ་སླར་ཡང་རྐྱེན་འཕྲད་ཚེ་ནད་ལྡང་བ་དང་དེའི་རྟགས་སུ་ཚ་བ་ཕྲན་བུ་འཕར་བ། ཞེ་མེར་ལངས་པ། དང་ག་ཞན་པ། ཚིགས་གཞི་ན་བ། ཐང་ཆད་པ། མགོ་ན་བ། སྨན་བཅོས་མ་བྱས་པར་དུས་ཡུན་གང་འཚམས་སོང་རྗེས་ལུས་ཁམས་མི་བདེ་བ། སྐབས་རེ་རྩིབ་མ་གཡས་སྟེང་གཟེར་བ། རྟག་ཏུ་མགོ་ན་བ། གཅིན་པའི་མདོག་མར་ནག་འདྲ་བའམ་སྨུག་ཤས་ཡོད་པ། དྲི་མ་ངན་ལ་ལྦུ་བར་ཚེག་སྒྲ་ཅན། བཤང་བ་འབབ་དཀའ་བ། བབས་ཀྱང་མདོག་སྐྱ་བའམ་དཀར་བ། རིམ་པས་ལུས་ཀྱི་ལྤགས་མདོག་དང་མིག་སྤྲིན་སེར་པོ་ཆག་པ། ལྗི་ཚད་ཆག་པ། ཕོ་བ་སྦོས་པ། སྣ་ཁྲག་འབྱུང་བ། ལུས་ལ་ཟ་ཕྲུགས་མང་པ། ལུས་སྟོབས་ཞན་པ། བཞིན་མདངས་ཉམས་པ། ཁོག་པ་ཆུ་བསགས་པ་སོགས་འབྱུང་བ་ཡིན།
༥། ནད་འདི་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་འགྲོ་ཚུལ། མཆིན་ནད་དུག་ཐབས་ཀྱི་ནད་འབུ་འདི་གཉན་སྲིན་འཁྲུགས་པའི་ནད་གཞན་ལྟར་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་སོགས་རླན་གཤེར་བརྒྱུད་ནས་གཞན་ལ་འགོས་ཁྱབ་དང་མཐར་སྤྱི་ཚོགས་ནང་ཁྱབ་བརྡལ་འགྲོ་བ་ཡིན། ནད་འབུ་འདི་ནི་གཉན་སྲིན་འཁྲུགས་པའི་ནད་གཞི་གཞན་ལས་ལྡབ་ ༥༠ ནས་ ༡༠༠ ཡི་འགོས་ཉེན་ཆེ་བའམ་མྱུར་བ་ཡོད། དེང་སང་སྟབས་ལེགས་པ་ཞིག་ལ་ནད་གཞི་འདི་ལ་ཕྱི་ལུགས་ནས་སྔོན་འགོག་ཁབ་ཡོད་པས་་སྨན་ཁབ་དུས་ཐོག་ཏུ་རྒྱག་ཐུབ་ན་ལེགས། འོན་ཀྱང་ནད་གཞི་འདི་ཡོད་མཁན་མཉམ་དུ་བཟའ་བཏུང་བྱེད་པ་དང་། གོས་གྱོན་རེ་བྱས་པ། འོ་བྱེད་པ། ལག་པ་བཏང་རེས་བྱེད་པ་སོགས་ཀྱིས་མཆིན་ནད་དུག་ཐབས་ཀྱི་ནད་འབུ་འགོས་ཀྱི་མེད་པར་ཡིད་འཇགས་དགོས།

༦། འགོས་ཉེན་ཆེ་བའི་སྡེ་ཚན།
• ཕོ་མོ་དགའ་རོགས་མང་བའི་གྲས་དང། འཆལ་སྤྱོད་ལམ་ལ་ཞུགས་མཁན།
• ཕོ་ནང་ཁུལ་ཆགས་སྤྱོད་བྱེད་མཁན།
• ནད་འབུ་ཡོད་མཁན་མཉམ་དུ་ཆགས་འབྲེལ་བྱུང་བ།
• མྱོས་རྫས་བཟི་སྨན་གྱི་ཁབ་རྒྱབ་མཁན།
• ནད་འབུ་ཡོད་མཁན་གྱི་ནང་མི་དང་ནང་འབྲེལ་ཡོད་པ།
• སྨན་ལས་པ་དང་སྤྱི་ཚོགས་ཞབས་ཞུ་བ།
• ཟུངས་ཁྲག་བླུག་དགོས་རིགས་བཅས་ལ་ནད་འབུ་འགོས་ཉེན་ཆེ་བ་ཡོད།

༧། སྔོན་འགོག་བྱ་ཐབས།
• དེང་སང་སྔོན་འགོག་ཁབ་རྒྱབ་རྒྱུ་དེ་སྔོན་འགོག་ཡག་ཤོས་གྲས་སུ་བརྩིས་བཞིན་ཡོད་པས་ཚང་མས་དེ་རྒྱག་རྒྱུ་གལ་ཆེན་པོ་ཡིན།
• དགའ་རོགས་མང་པོ་དང་འཆལ་སྤྱོད་བྱེད་མཁན་རྣམས་ནད་འབུ་འདི་ལས་སྲུང་ཐབས་ཆེད་འགྱིག་ཤུབ་(Condom) བེད་སྤྱོད་བྱེད་དགོས།
• གལ་ཏེ་རང་ཉིད་སྦྲུམ་མ་ཡིན་ན་ནད་འབུ་ཡོད་མེད་ཁྲག་བརྟག་དཔྱད་བྱས་ཏེ་ནད་འབུ་ཡོད་ན་བྱིས་པ་བཙས་ནས་ཆུ་ཚོད་ ༡༢ ནང་ཚུད་ཕྲུ་གུར་ནད་འགོག་སྨན་ཁབ་རྒྱབ་དགོས། སྨན་ཁབ་དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་ཐོག་གནང་མུས་ཡིན་འདུག
• མྱོས་རྫས་བཟི་སྨན་རིགས་བེད་སྤྱོད་མ་བཏང་ན་བཟང་། གལ་ཏེ་བཟི་སྨན་རིགས་ངན་ལངས་ཤོར་ཟིན་པ་རྣམས་ནས་ཁབ་དང་ཁབ་ཆས་སོགས་གཞན་དང་མཉམ་སྤྱོད་བྱ་མི་རུང་།
• གཞན་ཡང་རང་ཉིད་ཀྱི་སྤྱོད་རྫས་སོ་འཁྲུ་དང། སྐྲ་དང༌། ཁ་སྤུ་ལ་སོགས་བཞར་བྱེད་རྣོ་གྲི་སོགས་གཞན་དང་མཉམ་སྤྱོད་མི་རུང་།
• ཡང་དེང་སྐབས་ Tatoo ཞེས་ཁབ་གཙགས་རི་མོ་དང་རྣ་བ་དབུགས་བྱེད་ལ་སོགས་པ་གཙང་སེལ་མ་བྱས་པར་བེད་སྤྱོད་བྱེད་ན་ནད་འབུ་རིགས་འགོས་ཉེན་ཆེ།
• གལ་ཏེ་རང་ཉིད་ལ་ནད་འབུ་ཡོད་ཚེ་རང་ཉིད་ཀྱི་ཁྲག་དང་དོན་སྣོད་སོགས་དབང་པོ་རྣམས་གཞན་ལ་སྦྱིན་པ་གཏོང་རྒྱུ་མེད།
• གལ་ཏེ་རང་ཉིད་འཕྲོད་བསྟེན་སྨན་པའམ་ལས་བྱེད་ཡིན་ཚེ་སྔོན་འགོག་ཁབ་ངེས་པར་དུ་རྒྱག་དགོས་པ་དང་། རྒྱུན་དུ་སྨན་ཁང་གི་རྣོ་ལྡན་ཡོ་ཆས་རིགས་ལ་གཟབ་གཟབ་བྱེད་དགོས།

༨། སྨན་བཅོས། ཕྱི་ལུགས་ནས་ནད་གཞི་འདི་ཉིད་སེང་དྲག་ཡོང་ཆེད་ཀྱི་བཅོས་ཐབས་ཞིག་ད་བར་རྙེད་མེད་ནའང་དེར་ཕན་པའི་སྨན་ངེས་ཅན་གསར་བཟོས་གནང་ཡོད། ཚང་མས་ཤེས་རྟོགས་དགོས་པ་ཞིག་ལ་ནད་གཞི་འདི་ཡོད་པ་ཙམ་གྱིས་མཐའ་ཅིག་ཏུ་ཕྱི་ལུགས་སྨན་བསྟེན་དགོས་མིན་ཕྱི་ལུགས་སྨན་པ་ཚད་ལྡན་ཞིག་དང་བསྟེན་གཏུག་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ངོས་ནས་བཤད་ན་ནད་པ་རང་ཉིད་ཀྱི་རང་བཞིན་དང་ནད་གཞིའི་གནས་སྟངས་སོགས་སྒོ་ཀུན་ལ་གཞིགས་ཏེ་ཟས་སྤྱོད་སྨན་བཅོས་སོགས་གསོ་བཅོས་མི་འདྲ་ཡོད་པས་ནད་པ་རྣམས་བོད་ལུགས་སྨན་པ་བསྟེན་གཏུག་བྱ་ན་ནད་གཞི་འདི་དང་འབྲེལ་བའི་ནད་རྟགས་ཞི་བ་དང་མཆིན་པའི་བྱེད་ལས་ལེགས་བསྐྱེད་གཏོང་བའི་ཐབས་ཡོད། མ་ཟད་རང་རེའི་བོད་ཀྱི་སྨན་རྩིས་ཁང་ནས་ཀྱང་མཆིན་ནད་དུག་ཐབས་ནད་པ་རྣམས་ལ་སྨན་རིན་ཕྱེད་བཅག་གནང་བཞིན་ཡོད་ལ། འདས་པའི་ལོ་ཤས་ནང་ནད་གཞི་འདིའི་ཐོག་ལ་སྨན་རྩིས་ཁང་ནས་བོད་སྨན་གྱིས་ཕན་བསྐྱེད་ཇི་ཙམ་ཡོད་མེད་ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་ཀྱང་བྱས་ཡོད་འདུག