བོད་ཀྱི་ཐེབས་རྩས་ལྷའི་སྤྱི་ཐབ་ལ་རོགས་རམ།

Soup Kitchenཨ་རིར་བརྟེན་གཞི་བྱས་ཡོད་པའི་བོད་ཀྱི་ཐེབས་རྩ་(Tibet Fund)ཡིས་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སྤྱི་ཐབ་(Lha Soup Kitchen)ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རོགས་རམ་དེས་ཉིན་ལྟར་ཞལ་ལག་མཆོད་མཁན་མི་གྲངས་ ༥༠ ནས་ ༦༠ བར་ཡོད་པ་དེ་དག་ལ་དུས་ཡུན་ཟླ་བ་གསུམ་རིང་བཅུད་ལྡན་གྱི་ཞལ་ལག་གི་འགྲོ་སོང་འདང་ངེས་ཆགས་ཡོད་པ་དང་། ཞལ་ལག་མཆོད་མཁན་དེ་དག་ནི་དཔལ་འབྱོར་དང་གཙོ་བོར་འཕྲོད་བསྟེན་ཟས་རིགས་ལ་དཀའ་ངལ་ཡོད་པ་ཤ་སྟག་ཡིན། 
འདི་ལོ་ཕྱི་ཟླ་ ༢ ཚེས་ ༡ ནས་ཕྱི་ཟླ་ ༦ ཚེས་ ༣༠ བར་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་གསར་པ་གྲངས་ ༤༣ བྱུང་འདུག་པ་དང་། སྤྱི་ཐབ་འདི་གསར་འཛུགས་བྱས་པ་ནས་བཟུང་ད་བར་ཁྱོན་མི་གྲངས་ ༣༢༠ ལ་སྤྱི་ཐབ་འདི་ནས་བཅུད་ལྡན་གྱི་ཞལ་ལག་མཐུན་རྐྱེན་སྦྱར་ཡོད་པ་རེད། 
Tibet Fundལས་བྱེད་གཙོས་ལྷའི་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་ཡོངས་ཀྱི་ཚབ་ཞུས་ནས་བོད་ཀྱི་ཐེབས་རྩས་གཏོང་ཕོད་ཆེན་པོས་རྒྱབ་སྐྱོར་རོགས་རམ་གནང་བར་་སླར་ཡང་ཐུགས་རྗེ་ཞེས་ཞུ་རྒྱུ་ཡིན། 
 
བོད་ཀྱི་ཐེབས་རྩ་ནི་ཨ་རིའི་ནང་བརྟེན་གཞི་བྱས་པའི་དགེ་རྩ་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེའི་དགོས་དམིགས་ནི་བོད་མིའི་ངོ་བོ་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཉིད་རང་ཁ་རང་གསོའི་གནས་བབས་ཤིག་ཏུ་བཟོ་ཐུབ་ཆེད་ཚོགས་པ་འདི་ཉིད་གསར་འཛུགས་བྱས་པ་ཞིག་རེད་འདུག 
 
བོད་ཀྱི་ཐེབས་རྩས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཁྱོན་བོད་མི་ ༡༤༠༠༠༠ ཙམ་ལ་ཤེས་ཡོན་དང་། འཕྲོད་བསྟེན། ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་དཔལ་འབྱོར་རོགས་རམ་གནང་བཞིན་པ་རེད་འདུག