བོད་ཀྱི་སྤྱི་དམངས་སྲ་བརྟན་དུ་གཏོང་ཐབས།

STCS 1ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་དུ་འཚོགས་པའི་བོད་ཀྱི་སྤྱི་དམངས་སྲ་བརྟན་དུ་གཏོང་ཐབས་ (Strengthening Tibetan Civil Society)ཞེས་པའི་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་རང་ཁ་རང་གསོ་ཡོང་ཐབས་སུ་དམིགས་པའི་ལྷན་ཚོགས་དང་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག


ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་ལགས་དང་ལས་འཆར་འགན་འཛིན་རྡོ་རྗེ་སྐྱིད་ལགས་རྣམ་གཉིས་ཟབ་སྦྱོང་དེར་མཉམ་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་སུ་ཌན་མི་སྒེར་ངལ་སེལ་ཚོགས་པ་ (SOIR-IM) དང་། བོད་ཀྱི་ཐེབས་རྩ། བཀྲིས་རབ་གླིང་ངལ་སེལ་ཐེབས་རྩ་གསུམ་ཡིན།

STCS 2ཟབ་སྦྱོང་དེ་དྷེ་ར་རྡུན་ཉེ་འགྲམ་དུ་བརྟེན་གཞི་བྱས་ཡོད་པའི་བཀྲིས་རབ་གླིང་དགོན་པར་ཚོགས་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་ནང་བརྟེན་གཞི་བྱས་ཡོད་པའི་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ ༢༠ ཙམ་གྱི་ཁྱོན་འཐུས་མི་ ༤༠ ལྷག་ཙམ་ཟབ་སྦྱོང་ལ་མཉམ་ཞུགས་གནང་ཡོད།

ལྷན་ཚོགས་ཉིན་དང་པོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་རྣམས་ཀྱིས་རང་ཉིད་ཀྱི་ཚོགས་པའི་དམིགས་ཡུལ་དང་སྤྱི་ཚོགས་ནང་ལས་དོན་གང་དང་གང་སྤེལ་བཞིན་པ་ངོ་སྤྲོད་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས་བཅས་གནང་།

ཟབ་སྦྱོང་སྤྲོད་མཁན་ཆེད་ལས་མཁས་དབང་ཚོས་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཕན་ཚུན་མཉམ་འབྲེལ་མཉམ་རུབ་དང་། གཙོ་བོར་བཙན་བྱོལ་བོད་མི་རྣམས་ཀྱི་དགོས་མཁོ་ངོས་འཛིན་གསལ་པོ་གནང་ཐུབ་དགོས་སྐོར་སོགས་གསུངས།

ཐེངས་ {hits}177{/hits} བཀླགས་འདུག