ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་སྐོར་ཞིབ་འཇུག་བྱས་པའི་སྙན་ཐོ།

soup-kitchen-update

ལྷའི་ Ahimsa House ནང་ཡོད་པའི་ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནི་ཕྱི་ལོ་༢༠༡༡ཟླ་༧པའི་ཚེས་༦ཉིན་གསར་དུ་སྒོ་ཕྱེས་ཡོད་པ་དང་། འདི་ནི་དྷ་རམ་ས་ལའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཟས་བཅུད་ལྡན་པའི་སྤྱི་ཐབ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

སྐྱབས་བཅོལ་བོད་མི་རྣམས་ཀྱིས་སྤྱི་ཐབ་འདིའི་ནང་ཞལ་ལག་ཐེངས་རེ་མཆོད་པར་ཟས་རིན་ཧིན་སྒོར་༡༥ལས་སྤྲོད་དགོས་ཀྱི་མེད་ཀྱང་། ཟས་རིན་ཧིན་སྒོར་༡༥ཡང་སྤྲོད་མི་ཐུབ་པའི་ཉམ་ཐག་ཁག་ཅིག་ལ་རིན་མེད་དུ་འབུལ་གྱིན་ཡོད། ལྷའི་སྤྱི་ཐབ་ནང་ཞལ་ལག་ཐེངས་རེ་མཆོད་པར་ཧིན་སྒོར་༡༥སྤྲོད་མཁན་གྱིས་བརྒྱ་ཆ་༩༡དང་། རིན་མེད་དུ་མཆོད་མཁན་གྱིས་བརྒྱ་ཆ་༩ཟིན་ཡོད་པ་རེད།

ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༦པའི་ནང་ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་སྐོར་ཞིབ་འཇུག་བྱས་པ་བརྒྱུད་སྐབས་དེར་ཉིན་ལྟར་ཞལ་ལག་མཆོད་མཁན་ཕོ་མོ་དང་སེར་སྐྱ་དབྱེ་མེད་ཁྱོན་མི་གྲངས་༤༧ཙམ་གྱིས་ཞིབ་འཇུག་སྙན་ཐོ་ནང་ཆ་ཤས་བླངས་ཡོད་པ་དང་། དེའི་ནང་མི་གྲངས་བརྒྱ་ཆ་༧༠ཙམ་ད་ལྟའི་ཆར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐད་ཡིག་འཛིན་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཆགས་ཡོད་པ་དང་། དེའི་ནང་བརྒྱ་ཆ་༩༤ཙམ་ནི་ལོ་ན་༢༡ནས་༤༠བར་ཡིན་པ་རེད།

སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་རྣམས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ནི། ཧ་ལམ་ཚང་མར་གཏན་འཇགས་ལས་ཀ་མེད་ཅིང་། ཞིབ་འཇུག་སྙན་ཐོ་ལྟར་ན། མི་གྲངས་༤༧ནང་ལ་གཏན་འཇག་ལས་ཀ་ཡོད་མཁན་མི་༡ལས་བྱུང་མེད་པ་དང་། དེའི་ནང་། མི་༦ཁོ་ནར་ཁྱིམ་ཚང་དང་། གྲོགས་པོ། སྦྱིན་བདག་སོགས་ཀྱི་རྒྱབ་སྐྱོར་ཡོད་ལུགས་འཁོད་ཡོད་པ་དང་། དེའི་ནང་ནས་མི་༨དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་ཁོངས་སུ་ཚུད་ཡོད་པ་རེད།

main-reasons-to-eat-kitchenལྷའི་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་མང་ཆེ་བས། ཟླ་བ་རེར་ཟས་སོང་ཧིན་སྒོར་༢༠༠༠ནས་༣༠༠༠བར་དང་། དེ་བཞིན་ཁང་གླ་ཧིན་སྒོར་༡༥༠༠ནས་༣༠༠༠བར་འགྲོ་སོང་གཏོང་གི་ཡོད་འདུག

སྙན་ཐོ་ནང་ཁོང་ཚོ་ལྷའི་སྤྱི་ཐབ་ནང་ཁ་ལག་ཟ་དགོས་དོན་གཙོ་ནི་དཔལ་འབྱོར་གྱི་དཀའ་ངལ་དང་། དེ་ནས་འཕྲོད་བསྟེན་གྱི་དཀའ་ངལ། ཁག་གཅིག་འཛིན་གྲྭ་དང་ལས་ཁ་སོགས་ལ་འགྲོ་དགོས་དུས་ཞལ་ལག་བཟོར་བར་དུས་ཚོད་མེད་པའི་དཀའ་ངལ་བཅས་ཡིན་ལུགས་འགྲེལ་བརྗོད་གནང་འདུག

སྤྱི་ཐབ་འདིའི་ཐོག་མའི་དམིགས་ཡུལ་གཞན་ཞིག་ནི་སྐྱབས་བཅོལ་བ་རྣམས་ཉིན་རེའི་འཕྲོད་བསྟེན་ཡར་རྒྱས་ཡོང་ཆེད་བཅུད་ལྡན་པའི་ཟས་རིགས་དང་། མཐུང་ཆུ་གཙང་མ་དེ་བཞིན་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་རྒྱུ་དེ་ཡིན་ཞིང་། ཐེངས་འདིའི་ཞིབ་འཇུག་སྐབས་སྤྱིར་མི་གྲངས་བརྒྱ་ཆ་༥༡ཙམ་ལ་རྒྱུན་དུ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་ཀྱང་། སྤྱི་ཐབ་འདིའི་ནང་གཅུད་ལྡན་གྱི་ཞལ་ལག་དང་། དྭངས་གཙང་གི་འཐུང་ཆུ་བཅས་ཀྱིས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་འབྱུང་གིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

སྤྱི་ཐབ་ནང་རྒྱུན་སྤྱོད་བྱེད་བཞིན་པའི་དྭངས་གཙང་བཙགས་ཆུ་དེས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་གྱི་མི་གྲངས་བརྒྱ་ཆ་༨༡ཙམ་དུས་རྒྱུན་ཀ་ལའི་ཆུ་ཁོ་ན་འཐུང་མཁན་རེད་འདུག

health-reasonsད་དུང་སྤྱི་ཐབ་ཀྱིས་ཉིན་ལྟར་ཞལ་ལག་དང་ལྷན་དུ་ཤིན་ཏོག་འདྲ་མིན་རེ་མོས་ཀྱིས་གཏོང་གིན་ཡོད། འདི་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། རྒྱུས་ལོན་བྱས་པ་ལྟར་ན། ལྷའི་སྤྱི་ཐབ་ཁོ་ནའི་ནང་མ་གཏོགས་རྒྱུན་དུ་ཤིང་ཏོག་མི་མཆོད་མཁན་གྱི་བརྒྱ་ཆ་༢༡དང་། བདུན་ཕྲག་རེ་ཐེངས་རེ་ཙམ་མཆོད་མཁན་གྱི་བརྒྱ་ཆ་༣༦། བདུན་ཕྲག་རེར་ཐེངས་གཉིས་རེ་མཆོད་མཁན་གྱི་བརྒྱ་ཆ་༡༧བཅས་ཟིན་ཡོད་པ་རེད།

དེ་དག་ནང་དྷ་རམ་ས་ལར་དམིགས་བསལ་ཁྱིམ་ཚང་སོགས་གང་ཡང་མེད་མཁན་གྱི་བརྒྱ་ཆ་༤༥ཙམ་དང་། བརྒྱ་ཆ་༢༨ཙམ་ལ་ནང་མི་༡ནས་༤བར་ཡོད་མཁན་ཆགས་འདུག་ཅིང་། སྤྱི་ཡོངས་ཀྱི་བརྒྱ་ཆ་༨༥ཙམ་ནི་བོད་ནས་ཡོང་མཁན་དང་། དེ་མིན་རྒྱ་གར་ནང་སྐྱེས་ནས་འཚར་ལོངས་བྱུང་བ་ཆགས་ཡོད།

ལྷའི་སྤྱི་ཐབ་སྐོར་ཁོང་ཚོའི་བསམ་ཚུལ་རྒྱུས་ལོན་བྱས་སྐབས། ཚང་མས་སྤྱི་ཐབ་འདི་ནི་ཁོང་ཚོར་མཚོན་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ལུགས་དང་། དམིགས་བསལ་བོད་ནས་གསར་དུ་འབྱོར་ནས། འདིར་ཁྱིམ་ཚང་སོགས་ཀྱིས་དཔལ་འབྱོར་གྱི་རྒྱབ་སྐྱོར་གང་ཡང་གནང་མཁན་མེད་རིགས་ལ་སྤྱི་ཐབ་འདི་མུ་མཐུད་ནས་གནས་ཐུབ་པའི་རེ་སྐུལ་ཞུས་འདུག་པས་མ་ཚད། ང་ཚོའི་སྤྱི་ཚོགས་ནང་འདི་ལྟ་བུའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཡོད་པ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཅེས་སོགས་བསྔགས་བརྗོད་ཀྱང་གནང་འདུག

ཞིབ་འཇུག་སྙན་ཐོ་འདི་འཆར་གཞི་དང་སློབ་སྟོན་དེ་བཞིན་ལག་བསྟར་བྱེད་མཁན་ནུབ་ཕྱོགས་གཙུག་ལག་སློབ་གྲྭའི་འཕྲོད་བསྟེན་ཚན་པའི་སློབ་དཔོན་ཆེན་མོ་ཨ་ལེ་སིན་ཌར་དང་ལྷའི་དང་བླངས་ལས་བྱེད་ཨོ་ལེ་ཝེ་ཡ་ནས་སྙན་ཐོ་འདི་བསྡུ་སྒྲིག་བྱས།

ཐེངས། {hits}147{/hits} བཀླགས་འདུག