ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༦པ་དང་༧པ།

དེ་སྔོན་འདས་པའི་ཉིན་༡༠ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། སྐྱབས་བཅོལ་བོད་མི་ ༡༢༠༠ ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་བ།

stc-chuantra slide
སྦིར་ཅོན་ཏ་ར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སམ་བྷོ་ཊ་གཏན་སློབ།

ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་ཚེས་ ༤ ཉིན་སྟེ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་བྱེད་དང་དང་བླངས་བ་ཁག་ཅིག་གིས་གཟའ་འཇུག་གི་དུས་ཡུན་སྤྱད་ནས། བཞུགས་སྒར་དྷ་རམ་ས་ལ་ནས་རླངས་འཁོར་བསྡད་ཚེ་བར་ཐག་དུས་ཡུན་ཆུ་ཚོད་ ༣ ཙམ་གྱི་སར་ཡོད་པའི་སྦིར་བོད་མིའི་གཞིས་ཆགས་ནང་། ང་ཚོའི་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་ཤིག་གསར་འཛུགས་ཀྱི་ལས་འཆར་ཐེངས་༦པ་དེ་ལག་བསྟར་ལེགས་གྲུབ་བྱུང་ཡོད་པ་རེད།

འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་འཛུགས་ཡུལ་དེ་ནི། སྦིར་ཅོན་ཏ་ར་བོད་མིའི་གཞིས་ཆགས་ནང་ཡོད་པའི་སམ་བྷོ་ཊ་གཏན་སློབ་ཡིན་ཞིང་། སློབ་གྲྭ་དེར་ཐག་རིང་གྲོང་གསེབ་ཁག་ནས་ཡོང་བའི་སློབ་ཕྲུག་ ༣༥༠ ཙམ་ལ་སློབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། སློབ་གྲྭ་དེའི་ནང་ཡོད་པའི་སློབ་མ་ཁག་ཅིག་ནང་ནས་སློབ་གྲྭའི་བར་ཁྱོན་ཉིན་གྲངས་༥ཙམ་ཡོང་དགོས་ཤིང་། དེར་བརྟེན་ཁོང་ཚོས་ནང་མི་དང་ལོ་ ༣ རེ་ཙམ་གྱི་མཚམས་སུ་ཐེངས་རེ་མ་གཏོགས་འཕྲད་ཐུབ་ཀྱི་མེད་ལ། སློབ་གྲྭ་དེ་ནི་དེ་ལྟ་བུའི་ཁོང་ཚོའི་ནང་དང་བར་ཐག་ཧ་ཅང་རིང་ས་ཞིག་ཏུ་ཡོད་པ་རེད།

གཞན་ཡང་སློབ་གྲྭ་དེར་དགེ་ལས་ ༤༢ ཙམ་འདུག་པར་དེ་དག་གིས་ཀྱང་དྭངས་གཙང་གི་བཙགས་ཆུ་སློབ་ཕྲུག་རྣམས་དང་ལྷན་དུ་ལོངས་སུ་སྤྱོད་ཆོག་ཅིང་། ཁོང་ཚོས་བཙགས་ཆུ་འཕྲུལ་ཆས་འདིས་སློབ་ཕྲུག་དང་དགེ་ལས་རྣམས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཆགས་རྒྱུ་ཡིན་པར་བརྟེན། འཕྲུལ་ཆས་འདི་སྦྱིན་བདག་གནང་མཁན་དང་འབྲེལ་ཡོད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་གསུངས་བྱུང་། 
lower-tcv slide

དྷ་ཤོད་བོད་ཁྱིམ། 

ཡང་བདུན་ཕྲག་གཅིག་ཙམ་གྱི་རྗེས་ཏེ། ཕྱི་ཟླ་ ༤ པའི་ཚེས་ ༡༤ རེས་གཟའ་ཟླ་བ་ཉིན། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འཐུང་ཆུ་གཙང་བཟོའི་ལས་འཆར་ཐེངས་ ༧ པ་དེ་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་ལག་བསྟར་ལེགས་གྲུབ་བྱུང་ཡོད།

སློབ་ཕྲུག་གྲངས་ ༧༠༠ ཙམ་དང་། དགེ་ལས་གྲངས་ ༡༠༠ ཙམ་ཡོད་པའི་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནི་དགེ་ལས་དང་སློབ་ཕྲུག་དེ་དག་གི་ནང་དང་ཅུང་ཐག་རིང་བའི་སར་ཡོད་སྟབས། ཁོང་ཚོ་ཚང་མ་སློབ་གྲྭའི་ནང་གཏན་སྡོད་བྱེད་དགོས་ཀྱི་ཡོད་པ་དང་། ཐེངས་འདིར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དྭངས་གཙང་གི་བཙགས་ཆུ་འཕྲུལ་ཆས་ཤིག་གསར་འཛུགས་བྱས་རྗེས། དམིགས་བསལ་ཆར་དུས་སྐབས་ཁོང་ཚོ་ཆུ་གཙང་མའི་འཐུང་ཆུའི་དཀའ་ངལ་ལས་ཡོངས་སུ་གྲོལ་ཡོད།