ཐུ་ལན་གྱི་སློབ་ཕྲུག་དང་རིག་གཞུང་བརྗེ་རེས་བྱས་པ།

2013 msw india hhdl web

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཆེད། ཕྱི་ལོ་༢༠༡༣ཟླ་༩པའི་ཚེས་༩ཉིན་ཨ་རིའི་གླིང་ཕྲན་ New Orleans ཉེའུ་ཨོར་ལན་སིར་ཡོད་པའི་ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ལས་རིགས་ཀྱི་སློབ་མ་ ༡༣ Dr. Ron Marks མཁས་དབང་རོན་མར་ཁི་སི་དང་

Dr. Carolyn Weaver མཁས་དབང་ཁཱ་རོ་ལིན་ཝེ་ཝར་གཉིས་ཀྱི་སྣེ་ཁྲིད་འོག་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཡོད་པ་རེད།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཐུ་ལན་གཙུག་ལག་སློབ་གཉེར་ཁང་དང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་དེ་ཕྱི་ལོ་༢༠༠༢ནས་འགོ་འཛུགས་གནང་ཡོད་པ་དང་། ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕྱི་གླིང་བའི་སློབ་མ་ཚོ་ཁག་ ༡༠ ནས་ ༡༦ བར་དྷ་རམ་ས་ལར་འབྱོར་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ལྷན་དུ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ནང་ཞུགས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༡༣ ལོར་ཕེབས་པའི་ཐུ་ལན་གྱི་སློབ་ཕྲུག་རྣམས་ལ་ཐོག་མར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་ཟིན་རྗེས། སློབ་མ་རྣམས་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་བརྗེ་རེས་ཆེད་ངོ་སྤྲོད་བྱས་པའི་བོད་མི་གྲོགས་པོ་དང་ལྷན་དུ་བྱེད་སྒོ་སྣ་ཚོགས་ནང་ཞུགས་པས་མ་ཚད། ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། དབྱིན་སྐད་ཡར་རྒྱས་གཏོང་ཐབས་བཅས་བྱས་ཡོད།

ཐུ་ལན་གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་སློབ་མ་རྣམས་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཕྲུག་ཁྱིམ་སྡེ་སོགས་སུ་ཁྲིད་ནས་བོད་མིའི་རིག་གཞུང་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་གནས་སྟངས་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད།

tulane 2013གཞན་ཡང་ཁོང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ལས་བྱེད། དེ་བཞིན་བོད་མི་ཆབ་སྲིད་བཙོན་ཟུར་སོགས་ཀྱིས་བོད་དང་། བོད་ནང་གི་ཆབ་སྲིད་གནས་སྟངས་ངོ་སྤྲོད་འགྲེལ་བརྗོད་ནང་མཉམ་ཞུགས་བྱས་ཡོད།

དམིགས་བསལ་སློབ་ཕྲུག་རྣམས་དྷ་རམ་ས་ལ་ནས་རླངས་འཁོར་བསྡད་ཚེ་བར་ཐག་དུས་ཡུན་ཆུ་ཚོད་༣ཙམ་གྱི་སར་ཡོད་པའི་སྦིར་བོད་མིའི་གཞིས་ཆགས་དང་། མཚོ་པདྨ། མན་ཌིད་བཅས་ས་གནས་ཁག་ཅིག་ལ་སྐོར་སྐྱོད་ཁྲིད་དེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཚོ་བའི་གནས་སྟངས་རྒྱུས་ལོན་བྱས་པས་མ་ཚད། ཧི་མ་ཅལ་མངའ་སྡེའི་རང་བྱུང་མཛེས་ལྗོངས་ལོངས་སུ་སྤྱོད་པའི་གོ་སྐབས་ཀྱང་བྱུང་ཡོད།

ཕྱི་ཟླ་༩པའི་ཚེས་༢༦ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དགེ་སློབ་རྣམས་ལ་དམིགས་བསལ་མཇལ་འཕྲད་གནང་ནས་དུས་ཡུན་ཆུ་ཚོད་༡ཙམ་གྱི་རིང་བཀའ་སློབ་གསུང་བཤད་དང་། སློབ་ཕྲུག་རྣམས་དང་བགྲོ་གླེང་བཅས་གནང་ཡོད་པ་རེད། 

སློབ་མ་རྣམས་དྷ་རམ་ས་ལ་ནས་ཐོན་ཁར་ལྷས་ Ahimsa House ནང་དགུང་ཟས་གསོལ་ཚིགས་རྒྱས་པ་ཞིག་བཤམས་ནས་ཕེབས་སྐྱེལ་བྱས།

ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ལ་མཉམ་ཞུགས་ཀྱིས་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་དང་། ལས་རིམ་འདིར་མུ་མཐུད་ནས་རྒྱབ་སྐྱོར་གནང་བ་བཅས་ལ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།