ཧྥན་རན་སིའི་སློབ་ཕྲུག་དང་རིག་གཞུང་བརྗེ་རེས་བྱས་པ

Gamru Village School

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༨ ཉིན་ཧྥ་རན་སིའི་ Reunion Island ༼བསྐྱར་འགྲིག་༽གླིང་ཕྲན་གྱི་ Lycee de Vincendo High School ལའེ་སི་དྷེ་ཝིན་སན་ཌོ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ ༡༧ དང་དགེ་རྒན་ ༤ བཅས་ཁྱོན་མི་གྲངས་ ༢༡ དྷ་རམ་ས་ལར་འབྱོར་བ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྣེ་ལེན་དང་།

ཁོང་ཚོ་དང་ལྷན་དུ་རིག་གཞུང་བརྗེ་རེས་ལ་སོགས་པའི་བྱེད་སྒོ་སྣེ་མང་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

ཐོག་མར་སློབ་ཕྲུག་རྣམས་ལ་རྒྱུན་ལྡན་གྱི་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་ཕྲུག་གཞན་ཁག་དང་གཅིག་མཚུངས་སུ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། ཚོགས་པའི་བྱེད་སྒོ་སོགས་ངོ་སྤྲོད་གནང་རྗེས། བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་སུ་ཁྲིད་ནས། བོད་མིའི་རིག་གཞུང་དང་སྐྱབས་བཅོལ་བོད་མིའི་གནས་སྟངས་བཅས་ངོ་སྤྲོད་བྱས།

ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ཧྥ་རན་སིའི་དགེ་སློབ་རྣམས་དབུས་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཀྱི་གཤམ་འོག་ཏུ་ཡོད་པའི་རྒྱ་གར་གྱི་ Gamru Village School གྷམ་རུ་གྲོང་གསེབ་སློབ་གྲྭའི་ནང་བསྐྱོད་ནས། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་སློབ་གྲྭའི་གནས་སྟངས་རྟོགས་ཞིབ་བྱས་པས་མ་ཚད། སློབ་གྲྭ་དེར་གྲོ་ཞིབ་དང་བཟའ་སྣུམ་སོགས་ཟླ་བ་གཉིས་རིང་འདང་ངེས་ཞིག་ཞལ་འདེབས་གནང་། སྐབས་དེར་གྷམ་རུ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་གིས་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་གཞས་སྣ་ཞིག་ཀྱང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་རེད།

Lower TCVདེ་རྗེས་ཧྥ་རན་སིའི་སློབ་ཕྲུག་རྣམས་དྷ་ཤོད་བོད་ཁྱིམ་སློབ་གྲྭར་བསྐྱོད་ནས། བོད་ཁྱིམ་གྱི་སློབ་ཕྲུག་རྣམས་དང་མཐུན་འབྲེལ་རྒྱུས་ལོན་ཆེད་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་། སློབ་ཕྲུག་བུ་ཕན་ཚུན་དབར་རྐང་རྩེད་སྤོ་ལོ་འགྲན་སྡུར་བྱས་པས་ཧྥ་རན་སིའི་སློབ་ཕྲུག་རྣམས་རྒྱལ་ཁ་ཐོབ་པ་དང་། སློབ་ཕྲུག་བུ་མོ་ཕན་ཚུན་དབར་ལག་རྩེད་སྤོ་ལོ་བཅས་འགྲན་སྡུར་བྱས་པས་བོད་ཁྱིམ་གྱི་སློབ་ཕྲུག་རྣམས་རྒྱལ་ཁ་ཐོབ།

རྩེད་མོ་གྲུབ་རྗེས་དྷ་ཤོད་བོད་ཁྱིམ་གྱིས་རྩེད་མོ་རྩེ་མཁན་སློབ་ཕྲུག་དང་འབྲེལ་ཡོད་དགེ་ལས་ཁག་ཅིག་བཅས་ལ་གསོལ་ཇ་དང་སིལ་ཏོག་བཅས་གོ་སྒྲིག་ཐོག ཧྥ་རན་སིའི་དགེ་སློབ་རྣམས་ལ་ཁ་བཏགས་ཕུལ་བ་དང་། ཧྥ་རན་སིའི་དགེ་སློབ་རྣམས་ཀྱིས་རྩེད་མོའི་སྒྲིག་ཆས་ཆ་ཚང་ཆ་༢༠ཙམ་དང་། ལག་སྤོ་དང་རྐང་པོ་བཅུ་གྲངས་ཤིག་དྷ་ཤོད་བོད་ཁྱིམ་ལ་ཞལ་འདེབས་སྤྲད་ཡོད་པ་རེད།

Lhaདེ་ཉིན་དགོང་མོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཧྥ་རན་སིའི་དགེ་སློབ་རྣམས་དང་། ཁོང་ཚོ་དང་ལྷན་དུ་རིག་གཞུང་བརྗེ་རེས་སམ་ཧྥ་རན་སིའི་སྐད་ཡིག་སློབ་སྦྱོང་བྱེད་མཁན་བོད་པའི་སློབ་ཕྲུག་ཁག་ཅིག་བཅས་ལ་ཞལ་ལག་རྒྱས་པ་ཞིག་གོ་སྒྲིག་བྱས་པས་མ་ཚད། དགེ་སློབ་ཚང་མར་ཁ་བཏགས་དང་ལག་རྟགས་བཅས་ཕུལ་ནས་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཚགས་ཚུད་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་བཅས་ཞུས་ཡོད་པ་རེད།

ཐེངས་འདིར་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་ཧྥ་རན་སིའི་དགེ་སློབ་རྣམས་ཀྱིས། རྒྱ་གར་གྱི་གྷམ་རུ་སློབ་གྲྭ་དང་། དྷ་ཤོད་བོད་ཁྱིམ། གཞན་ཡང་དྷ་རམ་ཀོ་ཊི་རྒྱ་གར་གཞུང་གི་སློབ་གྲྭ་བཅས་ལ་ཞལ་འདེབས་གང་མང་ཞིག་གནང་བར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སླར་ཡར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།