ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ཕན་ནུས་སྐོར་རྟོགས་ཞིབ་སྙན་ཐོ།

filter-water2

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ས་གནས་རྒྱ་གར་དང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་གི་ནང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་པར། དེས་སློབ་མའི་འཕྲོད་བརྟེན་ཐད་ཡར་རྒྱས་དང་ཕན་ནུས་ཇི་ཙམ་ཐོན་མིན་སྐོར་བསམ་འཆར་བསྡུ་ལེན་དང་། རྟོགས་ཞིབ་བྱས་པའི་སྙན་ཐོ།

རྒྱབ་ལྗོངས།

འཐུང་ཆུ་གཙང་མ་ནི་མི་ཚོགས་གང་ཞིག་ཏུ་བདེ་ཐང་གི་སྤུས་ཚད་རྒྱུན་གནས་བྱེད་པར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང༌། དྷ་རམ་ས་ལར་མཚོན་ན་གཙང་བཟོ་བྱས་པའི་འཐུང་ཆུ་དཀོན་རྐྱེན། ས་གནས་རྒྱ་གར་དང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་གཉིས་ཀའི་ནང་འཕྲོད་བརྟེན་ཐད་གཅིག་མཚུངས་སུ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

དྷ་རམ་ས་ལ་གཙོས་པའི་ཉེ་འཁོར་གྱི་ས་གནས་ཁག་མང་པོ་ཞིག་ལ་བཙོག་ཆུའི་བཤང་ལམ་དང་བཙོག་ཆུའི་སྙིགས་མཛོད་མ་ལག་མེད་པ། ཆུ་སྦུག་སེར་ཁ་གས་པ། ཆུ་མི་འདང་བ། འཐུང་ཆུ་འབག་བཙོག་ཐེབས་པ་བཅས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ས་གནས་སྤྱི་ཚོགས་ནང་འཕྲོད་བརྟེན་གྱི་བདེ་ཐང་སྐྱོ་རུ་འགྲོ་བའི་གནས་ཚུལ་ཞིག་ཐོན་བཞིན་ཡོད་པ་དང་། སྤྱི་ཚོགས་ནང་འཕྲོད་བརྟེན་ཐད་ཆེས་ཉེན་ཁ་ཡོད་པའི་མི་དེ་དག་འཚོ་བ་ཉམས་ཐག་ཡིན་རྐྱེན། རྒྱུན་དུ་འཕྲོད་བརྟེན་གྱིས་དཀའ་ངལ་འཕར་མ་ཞིག་སྤྲོད་ཀྱི་ཡོད་པ་རེད།

སྤྱི་ཚོགས་ནང་བཙོག་ཆུ་ན་ཚའི་ཉེན་ཁ་ཆུང་དུ་གཏོང་ཆེད། ཕྱི་ལོ་ ༢༠༡༠ ལོ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་མ་སྐུལ་དང་བླངས་ཐོག སློབ་གྲྭ་ཁག་ ༧ ནང་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་གསར་འཛུགས་བྱས་ཤིང་། དེའི་ནང་བོད་པའི་སློབ་གྲྭ་ ༦ དང་རྒྱ་གར་གྱི་སློབ་གྲྭ་ ༡ བཅས་ཚུད་ཡོད།
ཆུ་ཚགས་འཕྲུལ་ཆས་མ་ལག་དེ་ཉིད་ Reverse-osmosis ཕྱིར་འགྱུར་སིམ་འཇིག་དང་། Activated Carbon ནག་རྫས་བཙོ་སྦྱངས། Ultra-violet འཕྲོ་འོད་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། ཆུ་ཚགས་འཕྲུལ་ཆས་ལྷུ་སྒྲིག་མ་ལག་དེར་ཆུ་ལི་ཊར་ ༥༠༠ ཡི་ཤོང་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་དང་། དེས་ཆུ་ཉུང་ཉུང་དང་གློག་མེད་པའི་དུས་སྐབས་སུའང་ཆུ་གསོག་ཉར་དང་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།

lower-tcvམ་ལག་དེས་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ ཙམ་མཁོ་འདོན་ཐུབ་ཀྱི་ཡོད་ཅིང༌། ད་བར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གསར་འཛུགས་བྱས་པའི་ཆུ་གཙང་བཟོ་འཕྲུལ་ཆས་དེ་དག་གིས། ཁྱོན་སློབ་མ་ ༢༠༨༦ དང་དགེ་ལས་ ༢༠༠ ཙམ་ལ་འདང་ངེས་ཀྱི་དྭངས་གཙང་གི་བཙགས་ཆུ་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།
སློབ་མ་ཁག་ཅིག་སློབ་གྲྭའི་ནང་ཞགས་སྡོད་བྱེད་ཀྱི་ཡོད་ཅིང༌། ཁོང་ཚོས་ཆུ་ཚགས་འཕྲུལ་ཆས་དེ་ཁོ་ནར་བློས་འགེལ་ཐོག་ལོངས་སུ་སྤྱོད་ཆོག་པ་ཡིན།

རྟོགས་ཞིབ་སྙན་ཐོ།

ཕྱི་ལོ་༢༠༡༣ལོའི་སྟོན་ཁར། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དང་བླངས་བ་ཁོར་ཡུག་ཐོག་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་གཉིས་ཀྱིས། ཆུ་བཙག་འཕྲུལ་ཆས་མ་ལག་བཙུགས་ཡོད་པའི་སློབ་གྲྭ་ཚང་མའི་ནང་རྟོགས་ཞིབ་བྱས་པ་དང༌། རྟོགས་ཞིབ་དེའི་བརྒྱུད་ཆུ་ཚགས་འཕྲུལ་ཆས་མ་ལག་གསར་འཛུགས་བྱས་པས་འཕྲོད་བརྟེན་ལ་ཐད་ཀར་ཤུགས་རྐྱེན་ཇི་ཐེབས་དང༌། སྤྱི་ཡོངས་ཀྱི་སློབ་གྲྭ་ཁག་གི་ནང་ཆུ་འབག་བཙོག་གི་གནས་ཚུལ་སོགས་གནད་དོན་མང་པོ་ཞིག་ཤེས་རྟོགས་བྱུང་བ་མ་ཟད། སྙན་ཐོ་ཞིབ་འཇུག་བྱས་པས་ལས་དོན་དེས་ཕན་ནུས་དང༌། ལས་དོན་དང་ལེན། བེད་སྤྱོད་གདེང་འཇོག་བཅས་གང་ལེགས་བྱུང་འདུག འདིས་ང་ཚོས་ད་ལྟ་དང་མ་འོངས་པར་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ལས་དོན་ཡར་རྒྱས་གོང་འཕེར་འགྲོ་དང་འགྲོ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཆོག

རྟོགས་ཞིབ་སྙན་ཐོའི་ནང༌། ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་རྗེས་སློབ་མའི་བདེ་ཐང་ཡར་རྒྱས་ཕྱིན་ཡོད་པ་ངོས་འཛིན་བྱུང་འདུག་པར། དེའི་ནང་དགེ་སློབ་བརྒྱ་ཆ་ ༨༤ ཙམ་གྱིས་ད་ཆ་སློབ་མའི་འཕྲོད་བརྟེན་གྱི་བདེ་ཐང་ཡར་རྒྱས་ཕྱིན་ཡོད་པ་ངོས་འཛིན་དང༌། དགེ་སློབ་བརྒྱ་ཆ་ ༡༦ ཙམ་གྱིས་དམིགས་བསལ་འགྱུར་བ་གང་ཡང་མ་མཐོང་བར་ངོས་འཛིན་ཡང་གནང་འདུག

chart of filter wate projectཆུ་ཚགས་འཕྲུལ་ཆས་མ་ལག་གསར་འཛུགས་ཀྱིས་འཕྲོད་བརྟེན་ཡར་རྒྱས་འགྲོ་བཞིན་པས་མ་ཚད། འཛིན་གྲྭར་ཞུགས་མཁན་གྱི་སློབ་མའི་གྲངས་འབོར་ཡར་རྒྱས་དང༌། བཙོག་ཆུ་ན་ཚས་རྐྱེན་པས་འཛིན་གྲྭར་ཞུགས་མི་ཐུབ་པའི་སློབ་མའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་ངོས་འཛིན་གནང་མཁན་གྱི་དགེ་སློབ་བརྒྱ་ཆ་ ༧༤ ཟིན་ཡོད་པ་རེད།

ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ལས་གཞི་འདི་ཉིད་ཡུན་གནས་བྱེད་པར་ཚང་མས་རྒྱབ་སྐྱོར་དང་། མོས་མཐུན་མཉམ་རུབ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་སྟབས། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འགན་འཁུར་གྱིས་ད་ལྟའི་ཆར་ཆུ་ཚགས་འཕྲུལ་ཆས་དེ་དག་གསར་འཛུགས་ལས་གཞི་ཡར་རྒྱས་ཐོག མུ་མཐུད་འཐུང་ཆུ་གཙང་མའི་གལ་གནད་འགྲེལ་བརྗོད་དང༌། སློབ་གྲྭ་གཞན་ཁག་གི་ནང་ལའང་དེ་བཞིན་གསར་འཛུགས་བྱ་རྒྱུའི་འཆར་གཞི་སྒྲིག་ཡོད་པ་རེད།

ད་དུང་དེ་ལས་ཀྱང༌། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་༼ཆུ་གཙང་མའི་ལས་འཆར་འགན་འཛིན་༽ཞིག་ལས་གནས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང༌། ལས་བྱེད་དེས་ས་གནས་ཀྱི་འཛིན་སྐྱོང་ཁང་ཁག་དང༌། འཕྲོད་བརྟེན་སྡེ་ཚན། ས་གནས་རྒྱ་གར་གཞུང༌། དབུས་བོད་མིའི་སྒྲིག་འཛུགས་བཅས་ལ་འབྲེལ་མཐུད་གང་ལེགས་བརྒྱུད། མ་འོངས་པར་སློབ་གྲྭ་དང༌། དགོན་སྡེ་ཁག་སོགས་སུ་འཕྲོད་བརྟེན་དང་བདེ་ཐང་སོགས་ཀྱི་ཤེས་ཡོན་ལས་རིམ་འགན་འཁུར་ཞུ་རྒྱུ་ཡིན་པ་རེད།

ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ལས་གཞི་དེ་ཕན་ཐོག་ཆེ་ཞིང༌། དགོས་ངེས་ཅན་ཞིག་དང་དང་གྲུབ་འབྲས་ངེས་ཅན་ཐོན་བཞིན་ཡོད། ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བརྟེན་ལས་ཁུངས་ནས་ཀྱང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ལས་གཞིར་འདིར་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་ཡི་གི་ཞིག་གནང་འདུག་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་ལྟ་བར་ཁྱོན་ཆུ་ཚགས་འཕྲུལ་ཆས་༧ཙམ་གྱི་འཕྲུལ་ཆས་མ་ལག་དང་བཅས་པ་ཞལ་འདེབས་དང་རྒྱབ་སྐྱོར་གནང་མཁན་སྦྱིན་བདག་དང་། དང་བླངས་བ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།