ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༩པ།

water 1

ཕྱི་ལོ་༢༠༡༣ཟླ་༡༡པའི་ཚེས་༢༧ཉིན་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་ཌལ་ཧོ་སི་བོད་མིའི་གཏན་སློབ་ཏུ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་དང་། ཆུ་ཚགས་འཕྲུལ་ཆས་དེ་ནི་ Mr. Luke Ding སྐུ་ཞབས་ལུ་ཁེ་ཌིན་ལགས་དང་།

ཁོང་གི་ Ms. Mary Ding ལྕམ་སྲིང་མཱ་རེ་ཌིན་ལགས་རྣམ་གཉིས་ཀྱི་ཞལ་འདེབས་གནང་བ་ཞིག་ཡིན་ཞིང་། ཐེངས་འདི་ནི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༩པ་དེ་ཆགས་ཡོད་པ་རེད།

ཌལ་ཧོ་སི་བོད་མི་གཏན་སློབ་ནི་ཕྱི་ལོ་༡༩༦༣ལོར་གསར་འཛུགས་བྱས་པ་ཞིག་དང་། སློབ་གྲྭ་དེ་ནི་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁྲོད་རྙིང་ཤོས་༣པ་དེ་ཆགས་ཡོད།

ད་ཆ་སློབ་གྲྭ་དེར་ཁྱོན་སློབ་ཕྲུག་གྲངས་ ༢༠༧ དང་དགེ་ལས་གྲངས་ ༤༠ ཡོད་པ་མ་ཟད། ད་དུང་སློབ་གྲྭ་དེའི་ཉིན་སློབ་ཏུ་ས་གནས་རྒྱ་གར་གྱི་སློབ་མ་༢༠ཙམ་ཡོད་འདུག སྤྱིར་སློབ་གྲྭ་དེའི་ཆགས་དབྱིབས་སོགས་ཡིད་དུ་འོངས་བ་ཞིག་ཡོད་མེད་ལ་མ་བལྟོས་པར། དགུན་ཁར་གནམ་གཤིས་ཧ་ཅང་གྲང་བ་དང་། འཐུང་ཆུ་ཡག་པོ་མེད་པ་སོགས་ཀྱིས་རྐྱེན་པས་འཛིན་གྲྭར་ཞུགས་མཁན་ཉུང་དུ་ཕྱིན་བཞིན་པའི་གནས་སྟངས་ཆགས་ཀྱི་ཡོད་འདུག
water 2

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་རེ་སྐུལ་ལྟར། སློབ་གྲྭ་དེར་འཐུང་ཆུའི་ཆ་རྐྱེན་ཡག་པོ་མེད་པ་ཤེས་རྗེས། སློབ་གྲྭ་དེར་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱ་རྒྱུའི་ཐག་གཅོད་བྱས་པ་དང་། ཆུ་ཚགས་འཕྲུལ་ཆས་འདིས་བཙགས་པའི་དྭངས་གཙང་གི་བཙག་ཆུ་དེ་དག་འཐུང་ཆུ་ཙམ་མ་ཟད།  རྒྱུན་དུ་ཞལ་ལག་ནང་ལའང་བེད་སྤྱོད་འདང་ངེས་ཤིག་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད། འཕྲུལ་ཆས་དེར་ཆུ་ཚོད་རེར་ཆུ་ལི་ཊར་༡༠༠རེ་གཙང་བཟོ་ཐུབ་ཀྱི་ཡོད་པ་དང་དེ་བཞིན་ལི་ཊར་༥༠༠ཤོང་ཚད་ལྡན་པའི་ངར་ལྕགས་ཀྱི་ཆུ་སྣོད་ཅིག་མཉམ་དུ་ཡོད་པ་རེད།

ལས་དོན་འདིའི་བརྒྱུད་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ཌལ་ཧོ་གཏན་སློབ་ཀྱི་སློབ་སྤྱི་དང་སློབ་གྲྭའི་དབུ་འཛིན་སོགས་དང་འབྲེལ་བ་བྱུང་ཞིང་། ཁོང་ཚོས་ཆུ་ཚགས་འཕྲུལ་ཆས་འདི་འདྲ་ཞིག་གསར་འཛུགས་གནང་བར་ཐུགས་རྗེ་ཆེ། ད་ནས་བཟུང་སློབ་མ་རྣམས་ཀྱིས་དྭངས་གཙང་གི་བཙག་ཆུ་ལོངས་སུ་སྤྱོད་ཆོག་ལ། དམིགས་བསལ་ཆར་དུས་ཀྱི་སྐབས་སུ་ཁོང་ཚོའི་འཐུང་ཆུའི་དཀའ་ངལ་སེལ་བ་མ་ཟད། མ་འོངས་པར་སློབ་མ་རྣམས་བཙོག་ཆུ་ན་ཚ་ལས་ཡོངས་སུ་གྲོལ་ངེས་རེད་ཅེས་གསུངས་བྱུང་།