ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༡༠པ་ལག་བསྟར་བྱས་པ།

Water Project in Puruwala

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཐེངས་༡༠པ་དེ། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༣ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་པུ་རུ་ཝ་ལ་བོད་མི་གཞིས་ཆགས་སུ་ཡོད་པའི་དབུས་བོད་སློབ་འཛིན་ཚོགས་སློབ་གྲྭའི་ནང་ལག་བསྟར་བྱས་ཡོད་པ་རེད།

ཆེ་ཆུང་ཚད་གཞི་འབྲིང་ཙམ་ཡིན་པའི་ཆུ་ཚགས་འཕྲུལ་ཆས་དེར་བཙགས་ཆུ་གྲངས་མོ་ལི་ཊར་ ༢༠ དང་། བཙགས་ཆུ་ཁོལ་མ་ལི་ཊར་༢བཅས་ཀྱི་ཤོངས་ཚད་ལྡན་ཡོད་པ་དང་། མ་ཚད་འཕྲུལ་ཆས་དེས་ཆུ་ཚོད་རེ་ཁྱོན་ཆུ་ལི་ཊར་༡༥ཙམ་གཙང་བཟོའི་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།

དབྱར་ཁའི་སྐབས་སུ་ཆུ་འབག་བཙོག་གི་རྐྱེན་པས་སློབ་གྲྭ་དེའི་སློབ་ཕྲུག་མང་ཆེ་བར་རྒྱུ་ཚད་གྱི་རིམས་ནད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་སོང་བས། ཐེངས་འདིར་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེས་སློབ་གྲྭ་དེར་ཡོད་པའི་སློབ་མ་༥༠ དང་དགེ་ལས་ ༡༠ བཅས་ཁྱོན་མི་གྲངས་ ༦༠ ཙམ་ལ་དྭངས་གཙང་གི་བཙགས་ཆུ་འདང་ངེས་མཁོ་འདོན་ཐུབ་ཀྱི་ཡོད་པ་མ་ཟད། ཉེ་འཁོར་མི་མང་རྣམས་ཀྱིས་ཀྱང་འཐུང་ཆུ་གཙང་མ་དེ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད།

Australia Tibet Council groupསློབ་གྲྭ་དེའི་དགེ་སློབ་རྣམས་དྭངས་གཙང་གི་བཙགས་ཆུ་ལོངས་སུ་སྤྱོད་རྒྱུ་བྱུང་བར་བརྟེན། མ་འོངས་པར་དགེ་ལས་དང་སློབ་མ་རྣམས་རྒྱུ་ཚད་གྱི་རིམས་ནད་སོགས་ཀྱི་དཀའ་ངལ་ལས་གྲོལ་བ་དང་། ཁོང་ཚང་མ་སྐུ་གཟུགས་བདེ་ཐང་དང་བདེ་སྐྱིད་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད།

གོ་སྐབས་འདི་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་པུ་རུ་ཝ་ལ་བོད་སློབ་འཛིན་ཚོགས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ནས། ཆཱ་རིས་སི་དང་པཱལ་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ པའི་ཚེས་ ༥ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་གཟིགས་སྐོར་ཕེབས་སྐབས་ཕན་ཐོགས་ཆེ་བའི་ལས་འཆར་འདིར་སྦྱིན་བདག་བྱེད་རྒྱུ་ཞལ་བཞེས་གནང་བ་ཞིག་རེད།
འདི་ལོར་སླར་ཡང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དགོས་ངེས་ཅན་གྱི་སློབ་གྲྭ་ཁག་ ༥ ཙམ་ལ་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱ་རྒྱུའི་ལས་འཆར་གཏན་འབེབས་ཀྱིས་ཆུ་ཚགས་འཕྲུལ་ཆས་དགོས་གལ་ཆེ་བའི་སློབ་གྲྭ་རྣམས་ཀྱིས་ཕྱི་ལོ་༢༠༡༤ཟླ་༤ཚེས་༢༥སྔོན་ལ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཡིག་ཚང་ལ་འབྲེལ་བ་གནང་དགོས་ཀྱི་ཡོད་པ་རེད།