ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༡༡པ་ལག་བསྟར་བྱས་པ།

Ponta Tibetan School

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཐེངས་༡༡པ་དེ། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེ་པོན་ཊ་སམ་བྷོ་ཊ་གཏན་སློབ་ཏུ་གསར་འཛུགས་ལེགས་གྲུབ་བྱུང་ཡོད་པ་རེད།

པོན་ཊ་སམ་བྷོ་ཊའི་གཏན་སློབ་ནི་བོད་མི་གཞོན་སྐྱེས་རྣམས་ལ་གཞི་རྩའི་བོད་མིའི་སྐད་ཡིག་རིག་གཞུང་སློབ་སྦྱོང་སྤྲོད་ཆེད་ཕྱི་ལོ་ ༡༩༦༨ ལོར་གསར་འཛུགས་བྱས་པ་ཞིག་དང་། ཐོག་མའི་ཆར་སློབ་ཆུང་ཁོ་ན་དང་དེ་ནས་ལོ་ ༥ རྗེས་འབྲིང་རིམ་འཛིན་གྲྭ་དབར་ཡར་རྒྱས་བཏང་བ་ཞིག་རེད་འདུག
པོན་ཊ་སམ་བྷ་ཊའི་གཏན་སློབ་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེ་སེར་མུར་རྫོང་ (Sirmour District) ཁོངས་སུ་གནས་ཡོད་པ་དང་། རྒྱུན་དུ་སློབ་གྲྭའི་འཐུང་ཆུ་ནི་བ་ཚྭ་ཤུགས་ཆེ་ཡོད་པ་ཞིག་མ་ཟད། སློབ་གྲྭ་ཆགས་ཡུལ་ནི་ས་ཆ་ཐང་སྡེབ་དང་ཁ་དམའ་མོ་རེད་འདུག་ལ། ས་གནས་མི་མང་ཚོས་ཞིང་ལ་སྨན་རྫས་འདྲ་མིན་བཏབ་ཀྱི་ཡོད་པས་རྐྱེན་གྱིས་སློབ་གྲྭས་ས་འོག་ནས་འཐེན་པའི་འཐུང་ཆུར་ཤུགས་རྐྱེན་དང་ཉེན་ཁ་ཆེན་པོ་ཆགས་འདུག
དེར་བརྟེན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སློབ་གྲྭ་དེའི་ནང་ཡོད་པའི་དགེ་ལས་སློབ་མ་རྣམས་ཀྱི་འཐུང་ཆུའི་དཀའ་ངལ་དང་ཉེན་ཁ་སེལ་ཆེད། ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་པ་དང་། ཆུ་ཚགས་འཕྲུལ་ཆས་དེས་སློབ་གྲྭ་དེའི་ནང་ཡོད་པའི་དགེ་ལས་ ༦༥ དང་། སློབ་མ་ ༣༥༤ ཙམ་གྱི་འཐུང་ཆུའི་བདེ་འཇགས་ཡོངས་སུ་འགན་ལེན་ཐུབ་ཡོད་པ་རེད།Ponta Tibetan School 2
སློབ་གྲྭ་དེར་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་ནི་རྒྱུ་སྤུས་གང་གི་ཐད་ནས་ས་གནས་དེ་གར་ཡོད་པའི་ཆུ་ཚགས་འཕྲུལ་ཆས་ནང་ནས་ཡག་ཤོས་གྲས་ཤིག་ཡིན་པ་དང་། འཕྲུལ་ཆས་དེས་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ ཙམ་མཁོ་འདོན་ཐུབ་ཀྱི་ཡོད་པས་མ་ཚད། ཤོང་ཚད་ལི་ཊར་ ༥༠༠ ཅན་གྱི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་རང་འགྲིག་ཡོད།
ང་ཚོས་ཚགས་འཕྲུལ་ཆས་འདིས་རྒྱུན་དུ་སློབ་གྲྭ་དེའི་འཐུང་ཆུ་དཀའ་ངལ་དང་། དམིགས་བསལ་ཆར་དུས་སོགས་ཀྱི་སྐབས་སུ་དགེ་ལས་སློབ་ཕྲུག་རྣམས་ཀྱི་བཙོག་ཆུའི་ན་ཚ་ལས་སོགས་ལས་ཡོངས་སུ་གྲོལ་ཐུབ་རྒྱུའི་རེ་བ་རྒྱག་གིན་ཡོད།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་པོན་ཊ་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་ཚང་མའི་ཚབ་ཞུས་ནས་ཆུ་ཚགས་འཕྲུལ་ཆས་འདིའི་སྦྱིན་བདག་ཨ་རི་ནས་ཡིན་པའི་ཧེ་ཌེ་ནང་མི་ Heidi Kieselstein Family, U.S.A ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཁོང་ཚོས་སྦྱིན་བདག་གནང་བར་བརྟེན་ནས་སྐྱབས་བཅོལ་བོད་མི་ཙམ་མ་ཟད་ས་གནས་མི་མང་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
འདི་ནི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཕྱི་ལོ་ ༢༠༡༤ ལོར་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་ཐོག་མ་དང་། ད་དུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འདི་ལོར་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༥ ཙམ་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།