ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༡༣པ་ལག་བསྟར་བྱས་པ།

DS College 2ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཐེངས་༡༣པ་དེ། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༣ ཉིན་དྷ་རམ་ས་ལར་ཡོད་པའི་རྒྱ་གར་གཞུང་གི་དགེ་འོས་སློབ་གྲྭའི་

(Government College of Teachers Education in Dharamsala) ནང་གསར་འཛུགས་བྱས་ཡོད་པ་རེད།

དྷ་རམ་ས་ལའི་དགེ་འོས་སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༥༦ ལོའི་ཟླ་ ༡༡ པའི་ནང་གསར་འཛུགས་བྱས་པ་ཞིག་དང་། གཞི་རྩའི་དམིགས་ཡུལ་ནི་འབྲིང་རིམ་གྱི་དགེ་རྒན་རྣམས་ལ་སྦྱོང་བརྡར་སྤྲོད་ས་ཞིག་རེད་འདུག

མཐོ་སློབ་དེ་ནི་ཐོག་མར་རྒྱ་གར་ཅན་དྷི་གྷར་པན་ཇབ་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་ཁོངས་སུ་གཏོགས་ཀྱི་ཡོད་ཀྱང་། རྗེས་སུ་རྒྱ་གར་གཞུང་གིས་ཧི་མ་ཅལ་ས་ཁུལ་མངའ་སྡེ་ཞིག་ཏུ་ངོས་འཛིན་བྱས་རྗེས། མཐོ་སློབ་དེ་ནི་ཧི་མ་ཅལ་མངའ་སྡེའི་དགེ་རྒན་བྱེད་མྱོང་ཡོད་མཁན་དང་བྱ་འགྱུར་གཉིས་ཀར་འོས་སྦྱོང་ཁོ་ན་སྤྲོད་ས་ཞིག་ཡིན་པ་རེད།

DS College 123

ཐེངས་འདིར་མཐོ་སློབ་དེའི་ནང་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་ནི་དྷ་རམ་ས་ལར་ཡོད་པའི་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ (Rotary Club) བརྒྱུད་གསར་འཛུགས་བྱས་པ་ཞིག་དང་། ཆུ་ཚགས་འཕྲུལ་ཆས་དེས་མཐོ་སློབ་དེའི་དགེ་ལས་ ༥༠ ཙམ་དང་། ཁྱོན་སློབ་མ་ ༣༠༠ ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་ཐུབ་ཡོད་པ་རེད།

ཆུ་ཚགས་འཕྲུལ་ཆས་དེ་ནི་ས་གནས་འདིར་ཡོད་པའི་ཆུ་ཚགས་འཕྲུལ་ཆས་ནང་རྒྱུ་སྤུས་ཡག་ཤོས་གྲས་ཡིན་པ་དང་། ཆུ་ཚགས་འཕྲུལ་ཆས་དེས་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ ཙམ་གཙང་བཟོ་ཐུབ་ཀྱི་ཡོད་པ་དང་། ཆུ་ལི་ཊར་ ༥༠༠ ཙམ་ཤོང་ཙད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་བཅས་ཡོད་པ་རེད།DS College 456

མཐོ་སློབ་དེའི་ནང་ཆུ་ཚགས་འཕྲུལ་ཆས་གསར་པ་ཞིག་གསར་འཛུགས་བྱས་པ་བརྒྱུད། སློབ་གྲྭ་དེའི་ནང་གནས་སྡོད་བྱེད་མཁན་དགེ་སློབ་དང་ལས་བྱེད་ཡོངས་ཀྱི་རྒྱུན་དུ་འཐུང་ཆུའི་དཀའ་ངལ་སེལ་བ་ཙམ་མ་ཟད། བཙོག་ཆུའི་ན་ཚ་སོགས་ལས་ཡོངས་སུ་གྲོལ་བ་དང་། ཆར་པ་ཤིན་ཏུ་འབེལ་བའི་དྷ་རམ་ས་ལའི་གནས་འདིར་དམིགས་བསལ་ཆར་དུས་སྐབས་སློབ་ཕྲུག་རྣམས་ཀྱི་འཐུང་ཆུ་དང་འབྲེལ་བའི་འཕྲོད་བསྟེན་གྱི་དཀའ་ངལ་ཡོངས་སུ་སེལ་ཐུབ་པའི་རེ་བ་རྒྱག་གིན་ཡོད།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་མཐོ་སློབ་དེའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ནས། སྔོན་མ་ལྷའི་དང་བླངས་བ་མེ་ཁི་ཨེ་མཱ་ནཱ་ཁར་ (Mike Emanaker)ལགས་ཀྱིས་ཞལ་འདེབས་བསྡུ་རུབ་དང་། ཨ་རིའི་མངའ་སྡེ་ཀོ་ལོར་རཱ་ཌོའི་ནང་ (Valley View Hospital )སྨན་ཁང་གི་ལས་བྱེད་དང་གྲོགས་པོ་ཚོས་ལས་འཆར་འདིར་སྦྱིན་བདག་གནང་བར་ཁོང་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞེས་རྒྱུ་ཡིན། ལས་འཆར་འདིས་བོད་མི་དང་ས་གནས་མི་མང་གཉིས་ཀར་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད།