ཐུ་ལན་གྱི་སློབ་ཕྲུག་ཁག་ཅིག་དང་རིག་གཞུང་བརྗེ་རེས་བྱས་པ།

Tulane University student 3ཕྱི་ལོ་ ༢༠༡༤ ཟླ། ༦ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ལོའུ་སི་ནཱ་(Louisiana)ནང་བརྟེན་གཞིས་བྱས་པའི་གྲུབ་མཐའ་རིས་མེད་ཀྱི་ཞིབ་འཇུག་སློབ་གླིང་ཐུ་ལན་གཙུག་ལག་སློབ་གཉེར་ཁང་ (Tulane University) གི་སློབ་ཕྲུག་ ༡༨ དང་རིག་གཞུང་བརྗེ་རེས་བྱས།


སློབ་ཕྲུག་དེ་དག་ནམ་རྒྱུན་ལྷ་དང་ལྷན་དུ་རིག་གཞུང་བརྗེ་རེས་ཐད་མཉམ་ལས་གནང་མཁན་སྐུ་ཞབས་མེ་ཁལ་ལགས་དང་། དགེ་རྒན་ཁག་ཅིག་གིས་སྣེ་ཁྲིད་འོག ཁྱོན་དུས་ཡུན་བདུན་ཕྲག་ རིང་སློབ་ཕྲུག་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱ་གར་གྱི་སྤྱི་ཚོགས་བཅས་ལ་རྒྱུས་ལོན་བྱས།
Tulane University student 2སློབ་ཕྲུག་རྣམས་ཐོག་མར་དྷ་རམ་ས་ལར་འབྱོར་སྐབས་ལྷའི་ལས་བྱེད་འཇིགས་མེད་འཕྲིན་ལས་ལགས་ནས། སྣེ་ལེན་དང་རྒྱུན་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ཚོགས་པའི་ལས་འཆར། ལས་དོན་བྱེད་སྒོ་ཁག་ངོ་སྤྲོད་བྱས།
དུས་ཡུན་བདུག་ཕྲུག་གསུམ་ནང་སློབ་ཕྲུག་རྣམས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག བོད་ཀྱི་དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་རྒྱུས་ལོན་དང་། གོང་གསལ་སྡེ་ཚན་དེ་དག་གི་འབྲེལ་ཡོད་ལས་བྱེད་ནས་ལས་ཁུངས་དང་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། བོད་མིའི་ཆོས་དང་རིག་གཞུང་། བོད་ཀྱི་གནད་དོན་བཅས་ཀྱི་ཐད་སློབ་ཕྲུག་རྣམས་ལ་འབྲེལ་བརྗོད་གང་ལེགས་བྱས།
ད་དུང་ཐུ་ལན་གྱི་སློབ་ཕྲུག་རྣམས་ཀྱི་ལྷའི་སློབ་ཕྲུག་རྣམས་དང་ལྷན་དུ་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་ནས། བཙན་བྱོལ་བོད་མིའི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱི་སྐོར་སློབ་སྦྱོང་གང་ལེགས་བྱས་པ་དང་། ལྷའི་སློབ་ཕྲུག་རྣམས་ཀྱིས་ཀྱང་ཐུ་ལན་གྱི་སློབ་ཕྲུག་རྣམས་དང་ལྷན་དུ་དབྱིན་སྐད་ཡར་རྒྱས་གཏོང་ཞོར། སྤྱི་ཚོགས་གཞན་གྱི་གནས་སྟངས་སྐོར་གང་ཐུབ་རྒྱུས་ལོན་བྱས་པའི་གོ་སྐབས་བྱུང་ཡོད།
Tulane University student 1རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཉིན་མཐའ་མར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ལྷས་ཐུ་ལན་གྱི་སློབ་ཕྲུག་དང་། ཁོང་ཚོ་དང་ལྷན་དུ་རིག་གཞུང་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་བྱེད་མཁན་ལྷའི་སློབ་ཕྲུག་བཅས་ཚང་མར་དགོང་བཟས་ཤིག་བཤམས་པ་དང་། སྐབས་དེར་ལྷས་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་ཐུ་ལན་གྱི་སློབ་ཕྲུག་རྣམས་ལ་ཁ་བཏགས་དང་དྲན་རྟེན་ལག་རྟགས་བཅས་སྤྲད་པ་དང་། ལྷའི་ལས་བྱེད་འབྲུག་ལྡན་སྐྱིད་ལགས་ནས་ཐུ་ལན་གྱི་སློབ་ཕྲུག་རྣམས་ཆེད་དུ་དྷ་རམ་ས་ལར་ཕེབས་ནས་ལྷ་དང་ལྷན་དུ་རིག་གཞུང་བརྗེ་རེས་བྱས་པས་མ་ཚད། རིག་གཞུང་བརྗེ་རེས་སྐབས་ལས་རིམ་ཁག་ལ་ཆ་ཤས་གང་ལེགས་བླངས་ནས། ཐེངས་འདིའི་ལས་རིམ་ཁག་ཚགས་ཚུད་བྱུང་བར་ཐུགས་རྗེ་ཆེ་ཅེས་ཞུས་ཡོད་པ་རེད།