ལྷ་སྤྱི་ཚོགས་ཞབས་ཞུའི་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག

lha groupལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་རིག་གཞུང་བརྗེ་རེས་ཀྱི་ལམ་རིམ་དེ་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་གོང་ནས་འགོ་འཛུགས་བྱས་པ་ཞིག་དང་། ད་ལྟ་བར་ལས་རིམ་དེ་ཚགས་ཚུད་དང་མུ་མཐུད་ནས་འགྲོ་བཞིན་པ་ཞིག་ཆགས་ཡོད།

ཟླ་འདིའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཨ་རིའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་མང་པོ་ཞིག་དང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་ཞུས་ཡོད།
དེའི་ནང་འདི་ལོ་ཕྱི་ཟླ་ ༦ པའི ཚེས་ ༣༠ ནས་ཕྱི་ཟླ་ ༧ ཚེས་ ༡༠ བར་རྒྱལ་སྤྱིའི་ལའེ་ཧྥུ་ཝོར་ཁེ་(Lifework International)སྣེ་ཁྲིད་པའི་རིག་གཞུང་བརྗེ་རེས་ཀྱི་ཚོ་ཁག་ཅིག་དང་། ཕྱི་ཟླ་ ༧ ཚེས་ ༧ ནས་ཚེས་ ༢༦ བར་ལོ་ཡོ་ལཱ་(Loyola University)གཙུག་ལག་སློབ་གཉེར་ཁང་ནས་ཕེབས་པའི་སློབ་ཕྲུག་གི་ཚོ་ཁག་ཅིག གཞན་ད་དུང་ཕྱི་ཟླ་ ༧ ཚེས་ ༥ ནས་ ༢༨ བར་རཱ་སི་ཊི་ཀི་པཱ་ཐི་ཝེ་(Rustic Path Way) སྣེ་ཁྲིད་པའི་ཚོ་ཁག་གཅིག་བཅས་དུས་ཡུན་ཐུང་ངུ་ཞིག་གི་ནང་ཁྱོན་ཚོ་ཁག་གསུམ་དང་རིག་གཞུང་བརྗེ་རེས་བྱས་ཡོད།
Lha group-loyolaསློབ་ཕྲུག་རྣམས་རིག་གཞུང་བརྗེ་རེས་བྱས་པའི་དུས་ཡུན་དེའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སློབ་ཕྲུག་དང་ལྷན་དུ་རིག་གཞུང་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་བྱས་པ་དང་། ངོ་སྤྲོད་དང་གསུང་བཤད་གནང་མཁན་མང་པོ་ཞིག་ནས་བོད་ཀྱི་སྐོར་ཤེས་རྟོགས་གང་ལེགས་ཐུབ་པ་བྱུང་བས་མ་ཚད། ད་དུང་དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་རིག་གཞུང་གི་ལྟེ་གནས་ནོར་བུ་གླིང་ཁ་དང་། བོད་ཀྱི་དཔེ་མཛོད་ཁང་སོགས་སུ་ལྟ་སྐོར་རྒྱུས་ལོན་བྱེད་པའི་གོ་སྐབས་བྱུང་ཡོད།
རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འདིའི་དམིགས་ཡུལ་ནི། མི་རིགས་གཞན་གྱིས་བོད་ཀྱི་གནས་ཚུལ་རྒྱུས་ལོན་དང་རྒྱབ་སྐྱོར་རག་ཆེད་དང་། ལྷག་པར་ཁོང་ཚོར་བོད་མིའི་ཐུན་མིན་གྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་རྒྱུད་སྤེལ། མ་ཚད་ལྷའི་སློབ་ཕྲུག་རྣམས་ལའང་ཁོང་ཚོ་དང་ལྷན་དུ་དབྱིན་སྐད་ཡར་རྒྱས་དང་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་ཆེད་བཅས་དམིགས་པ་ཡིན།
Lha group-rusticའདི་ལོར་རཱ་སི་ཊི་ཀི་པཱ་ཐི་ཝེ་(Rustic Path Way) ནས་ཁྱོན་སློབ་ཕྲུག་གྲངས་ ༩༠ དང་། རྒྱལ་སྤྱིའི་ལའེ་ཧྥུ་ཝོར་ཁེ་(Lifework International) ནས་སློབ་ཕྲུག་གྲངས་ ༡༢ ལོ་ཡོ་ལཱ་(Loyola University) གཙུག་ལག་སློབ་གཉེར་ཁང་ནས་སློབ་ཕྲུག་གྲངས་ ༡༧ བཅས་ད་བར་ཁྱོན་སློབ་ཕྲུག་གྲངས་ ༡༡༩ དང་རིག་གཞུང་བརྗེ་རེས་བྱས་ཡོད་པ་རེད།
རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་ཚོགས་ཚང་མར་ཐོག་མར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཕེབས་བསུ་དང་། ལྷའི་ལས་དོན་བྱེད་ཕྱོགས་ངོ་སྤྲོད། ལས་རིམ་གྲུབ་ཁག་མཚམས་སུ་ཕེབས་རྗེས་ཀྱི་མཛད་སྒོ་ཐོག སློབ་ཕྲུག་དང་དགེ་ལས་ཚང་མར་ཁ་བཏགས་དང་ལྷའི་དྲན་རྟེན་བཅས་ཕུལ་བ་དང་། སློབ་ཕྲུག་རྣམས་ཀྱིས་ལས་རིམ་བྱེད་སྒོ་ཁག་ལ་འབད་བརྩོན་མཉམ་ཞུགས་ལ་བརྟེན་ནས་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འདི་ཚགས་ཚུད་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་ལས་རིམ་འདི་འདྲ་མུ་མཐུད་ནས་འགྲོ་ཐུབ་པའི་འབད་བརྩོན་གནང་རོགས་ཞེས་ཚང་མར་རེ་སྐུལ་ཞུས་ཡོད་པ་རེད།
ལྷ་དང་ལྷན་དུ་རིག་གཞུང་བརྗེ་རེས་ཆེད་འཛམ་གླིང་གི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གང་ས་ནས་ཕེབས་པའི་སློབ་ཕྲུག་རྣམས་དང་། གོ་སྒྲིག་གནང་མཁན། རྒྱབ་སྐྱོར་གནང་མཁན་བཅས་ཚང་མར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། འདི་ལོ་ད་དུང་སློབ་ཕྲུག་ཚོ་ཁག་གསུམ་དང་རིག་གཞུང་བརྗེ་རེས་བྱ་རྒྱུའི་ལས་རིམ་བང་བསྒྲིགས་ཡོད།