སིམ་ལ་བོད་མིའི་གཏན་སློབ་ཏུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Shimla CST 1ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༦ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཆུ་གཙང་མའི་ལས་འཆར་ཐེངས་ ༡༥ པ་ལག་བསྟར་གྱིས། རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཡོད་པའི་<<སིམ་ལ་བོད་མིའི་གཏན་སློབ་>>ཏུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

སིམ་ལ་བོད་མིའི་གཏན་སློབ་ཏུ་དམིགས་བསལ་དབྱར་ཁ་ཆར་དུས་སྐབས་ཆུ་ཡོངས་སུ་འདམ་རྙོག་ཆགས་ནས་འཐུང་ཆུར་དཀར་ངལ་ཆེན་པོ་འཕྲད་བཞིན་ཡོད་པས་མ་ཚད། ཆུ་གཙང་མ་མེད་པའི་རྐྱེན་གྱིས་སྐབས་དེར་སློབ་ཕྲུག་མང་པོ་ཞིག་གྲོད་ཁོག་བཤལ་བ་དང་། གཞན་ཡང་འཕྲོད་བསྟེན་བདེ་ཐང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་ཞིག་རེད་འདུག

ཆུ་ཚགས་འཕྲུལ་ཆས་འདིས་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ ཙམ་གཙང་བཟོ་ཐུབ་ཀྱི་ཡོད་པ་དང་། དེ་དང་ལྷན་དུ་ཆུ་ལི་ཊར་ ༥༠༠ ཙམ་ཤོང་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་བཅས་ཡོད་པ་རེད།

ཐེངས་འདིར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་པ་བརྒྱུད། སློབ་གྲྭ་དེའི་ནང་ཡོད་པའི་ཁྱོན་སློབ་ཕྲུག་གྲངས་ ༤༢༨ དང་དགེ་ལས་ ༥༢ བཅས་ཁྱོན་མི་གྲངས་ ༤༨༠ ཙམ་གྱི་འཐུང་ཆུའི་དཀའ་ངལ་ཡོངས་སུ་སེལ་ཐུབ་ཀྱི་ཡོད་པ་རེད།
Shimla CST 3སྐབས་དེར་ལས་བྱེད་རྙིང་ཤོས་དང་དྲུང་ཚབ་བོད་དགེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས། རྒྱུན་ལྡན་ཆུ་འབེལ་པོ་ཡོད་ཀྱང་དབྱར་ཁའི་ཆར་དུས་སྐབས་འཐུང་ཆུ་འདམ་རྙོག་ཆགས་ནས་སློབ་ཕྲུག་མང་པོ་ཞིག་གྲོད་ཁོག་བཤལ་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཐེངས་འདིར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཆུ་ཚགས་འཕྲུལ་ཆས་འདི་འདྲ་ཞིག་གསར་འཛུགས་གནང་བར་ཕན་ཐོགས་ཆེན་པོ་ཆགས་ཀྱི་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ཆོས་དགེ་དགེ་བཤེས་བསྟན་འཛིན་ཐུབ་བསྟན་ལགས་ཀྱིས། འཐུང་ཆུ་ནི་མིའི་གྲོད་ཁོག་ནང་གཏོང་དགོས་པ་ཞིག་ཡིན་དུས་ཆུ་གཙང་བཟོའི་རོགས་རམ་འདི་ནི་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་ཡང་ཡང་གསུངས།

ཐེངས་འདིའི་ལས་འཆར་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྐུལ་མ་ལྟར་ལྷ་སྤྱི་ཚོགས་ཞབས་ཚུ་ཚོགས་པས་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། གོ་སྐབས་འདི་དང་བསྟུན་ཆུ་ཚགས་འཕྲུལ་ཆས་འདིའི་འགྲོ་གྲོན་ཞལ་འདེབས་གནང་མཁན་ཨ་རིའི་བོད་ཀྱི་ཐེབས་རྩར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

Shimla CST 2སིམ་ལ་བོད་མིའི་གཏན་སློབ་ (Central School For Tibetans Shimla) འདི་བཞིན་རྒྱ་གར་བྱུང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་ཤར་ཕྱོགས་ས་གནས་ཆོ་ཊ་སིམ་ལ་ཞེས་རྒྱ་མཚོ་ནས་མཐོ་ཚད་ཕིཊ་ ༧༢༣༨ ཀྱི་སྟེང་དུ་ཆགས་ཡོད།

ད་ལྟའི་ཆར་སློབ་གྲྭའི་འདི་ནང་དགེ་ལས་གྲངས་ ༥༢ དང་ཁྱོན་སློབ་ཕྲུག་གྲངས་ ༤༢༨ ཙམ་ཡོད་པའི་ནང་བོད་ཕྲུག་ ༢༤༦ དང་ཧི་མ་ལའི་རི་རྒྱུད་ཀྱི་ཕྲུ་གུ་གྲངས་ ༨༢ ཙམ། གཞན་ཡང་ས་གནས་རྒྱ་གར་ཡུལ་མིའི་ཕྲུ་གུ་བཅུ་གྲངས་ཤིག་ཀྱང་སློབ་གྲྭ་འདིའི་ནང་སློབ་སྦྱོང་བྱེད་མུས་རེད་འདུག

ཐོག་མར་སློབ་གྲྭ་འདི་ཕྱི་ལོ་ ༡༩༦༢ ལོར་བོད་རིགས་སློབ་སྤྱི་སྐུ་ངོ་བཀྲས་མཐོང་བསོད་ནམས་སྟོབས་འབྱོར་ལགས་ཀྱི་དབུ་བཞུགས་འོག་སློབ་ཕྲུག་ངོ་གྲངས་ ༡༦༠ ཅན་ཡོད་པ་ཞིག་གིས་སྒོ་ནས་སློབ་གྲྭ་འདི་བཞིན་དངོས་སུ་འགོ་འཛུགས་གནང་བ་དང་། དེའི་སྐབས་སྐྱབས་བཅོལ་བོད་མིའི་སློབ་གྲྭ་ཞེས་འབོད་ཀྱི་ཡོད་འདུག

སློབ་གྲྭ་ཐོག་མར་དབུ་འཛུགས་གནང་བ་ནས་ད་བར་ཁྱོན་སློབ་ཕྲུག་ངོ་གྲངས་ ༦༨༠༦ གྱི་སློབ་གཉེར་གནང་ཡོད་འདུག་པ་དང་། ཐོག་མར་འཛིན་རིམ་ ༨ པ་བར་དང་། དེ་ནས་ཕྱི་ལོ་ ༡༩༧༣ ནས་འཛིན་རིམ་ ༡༡ བར་བཟོས་ཡོད་འདུག

Shimla 4ཆུ་ཚགས་འཕྲུལ་ཆས་གསར་འཛུགས་རྗེས། དགེ་ལས་ཁག་ཅིག་དང་འཛིན་རིམ་ ༩ པ་ཡན་གྱི་སློབ་ཕྲུག་གྲངས་ ༡༥༠ ཙམ་ལ་ལྷའི་ལས་བྱེད་དྲི་མེད་ཚེ་རིང་ལགས་ཀྱིས་གཉན་ནད་རེག་དུག་གི་ན་ཚའི་རྒྱུད་རིམ་དང་། ཉེན་ཁ། སྔོན་འགོག་བྱེད་ཕྱོགས། དེ་བཞིན་ཉལ་ཐག་དང་བཟི་སྨན་གྱི་ཉེན་ཚབ་བཅས་ཀྱི་སྐོར་འགྲེལ་བརྗོད་དང་། ལས་བྱེད་སངས་རྒྱས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལོ་རྒྱུས་དང་། ལས་དོན་བྱེད་ཕྱོགས་བཅས་ངོ་སྤྲོད་བྱས།