ཁམས་ཀཿཐོག་བོད་མིའི་གཞིས་ཆགས་སུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Kham Kathok 3ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས་ ༢༧ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཆུ་གཙང་མའི་ལས་འཆར་ཐེངས་ ༡༦ པ་ལག་བསྟར་གྱིས། རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་སེར་མོར་རྫོང་པོན་ཊ་བོད་མིའི་གཞིས་གྲོང་ནས་བར་ཐག་སྤྱི་ལེ་ ༡༦ ཙམ་ཡོད་པའི་ <<ཁམས་ཀཿཐོག་བོད་མིའི་གཞིས་ཆགས་>>སུ་

ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Kham Kathok 4དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་འགྲེལ་བརྗོད་སྐུལ་མ་ལྟར། གཞིས་ཆགས་དེར་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ཤུགས་ཆེ་ཡོད་པ་ཤེས་རྟོགས་བྱུང་ཕྲལ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གཞིས་གྲོང་དེར་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱ་རྒྱུ་ཐག་གཅོད་བྱུང་བ་ཞིག་རེད།

རྒྱུན་དུ་གཞི་ཆགས་དེའི་འཐུང་ཆུ་ས་འོག་ནས་འཐེན་དགོས་ཀྱི་ཡོད་འདུག་སྟབས། བརྟག་དཔྱད་བྱས་པ་བརྒྱུད་ཆུ་བའི་ནང་མིའི་གཟུགས་པོ་བདེ་ཐང་ལ་གནོད་པའི་རྫས་རིགས་ཡོད་པ་ཤེས་རྟོགས་བྱུང་བ་དང་། གཉིས་ནས་རྒྱ་གར་གྱིས་ཉེ་འཁོར་ཨར་འདམ་དང་བྱེ་མ་ཀ་ར་བཟོ་བྱེད་ཀྱི་གཏེར་རྡོ་སྔོག་འདོན་དང་བཟོ་བསྐྲུན་བྱེད་ཀྱིན་ཡོད་སྟབས། ཁོར་ཡུག་དང་ཆུ་ཐལ་རྡུལ་གྱིས་ཁེངས་ནས་འཐུང་ཆུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད་འདུག
Kham Kathok 2ཆུ་ཚགས་འཕྲུལ་ཆས་འདིས་ཀྱང་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ ཙམ་གཙང་བཟོ་ཐུབ་ཀྱི་ཡོད་པ་དང་། དེ་དང་ལྷན་དུ་ཆུ་ལི་ཊར་ ༥༠༠ ཙམ་ཤོང་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་བཅས་ཡོད་པ་རེད།
ཐེངས་འདིར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་པ་བརྒྱུད། གཞིས་གྲོང་དེའི་ནང་ཡོད་པའི་ཁྱོན་ཐེམ་དུད་ ༤༠ ཙམ་གྱི་མི་གྲངས་ ༢༠༠ ལྷག་ཙམ་ལ་འཐུང་ཆུའི་དཀའ་ངལ་ཡོངས་སུ་སེལ་ཐུབ་ཀྱི་ཡོད་པ་རེད།
གོ་སྐབས་འདི་དང་བསྟུན་ཆུ་ཚགས་འཕྲུལ་ཆས་འདིའི་འགྲོ་གྲོན་ཞལ་འདེབས་གནང་མཁན་ཨ་རིའི་བོད་ཀྱི་ཐེབས་རྩར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
Kham Kathok 1ཁམས་ཀཿཐོག་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༥ ལོར་གསར་འཛུགས་བྱས་པ་ཞིག་དང་། གཞིས་ཆགས་གཞན་ལྟར་ས་ཞིང་མེད་པར། ཐོག་མའི་ཆར་རྒྱ་གར་གཞུང་གི་རྡོའི་ཐོན་ཁུངས་ཡོད་པའི་ས་ཆ་ཞིག་སྤྲད་ཡོད་སྟབས། འཚོ་རྟེན་གཙོ་བོ་རྡོ་ལས་ཡིན་ཡང་། ཕྱིས་སུ་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་ལུགས་བརྗོད་ནས་ལས་གཞི་དེ་འཚམས་འཇོག་བྱེད་དགོས་བྱུང་། ད་ལྟའི་ཆར་འཚོ་རྟེན་གཙོ་བོ་དགུན་ཚོང་བལ་གོས་ཁོར་ནར་བརྟེན་གྱི་ཡོད་འདུག་སྟབས། གཞིས་ཆགས་ཀྱི་འཚོ་བའི་མཐུན་རྐྱེན་ཅུང་སྐྱོ་པོ་ཡིན་ཁར་གཞིས་གྲོངས་སུ་རྒན་ཁོག་ཁོ་ན་ཙམ་ལས་མཐོང་རྒྱུ་མེད་པར་ན་གཞོན་ཕལ་ཆེ་བ་ས་གནས་གཞན་ཁག་ལ་ཡོང་འབབ་གསོག་པར་འགྲོ་བཞིན་ཡོད་འདུག གཞིས་ཆགས་འདི་ཁུག་ཀྱོག་ཅིག་ཏུ་ཆགས་ཡོད་སྟབས་ད་ལྟའི་ཆར་འགྲིམ་འགྲུལ་ཡང་དེ་ཙམ་བདེ་པོ་མེད་པ་རེད།