སློབ་དཔོན་ཟམ་གདོང་རིན་པོ་ཆེ་བའི་དྲ་རྒྱ་དང་མངོན་བསྟོད་གླེགས་བམ་དབུ་འབྱེད།

varanasi-1ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ཝཱར་ཎ་རུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་<<སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཚན་ཐོག་དྲ་གནས་

>> www.samdhongrinpoche.com དང་<<སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་>>བཅས་དབུ་འབྱེད་གནང་ཡོད་པ་རེད།

དྲ་གནས་དང་མངོན་བསྟོད་གླེགས་བམ་དབུ་འབྱེད་མཛད་སྒོའི་ཐོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག ཚོགས་ཟུར་སྤྱི་འཐུས་པདྨ་འབྱུང་གནས་མཆོག སློབ་གཉེར་ཁང་གི་མཁས་དབང་། ཝ་ཎའི་སློབ་ཟུར་དང་སློབ་མ། ཝ་ཎར་སློབ་སྦྱོང་གནང་བཞིན་པའི་བྷུན་ཏར་དགེ་འོས་སློབ་གྲྭའི་དགེ་ལས་སློབ་མ། དྷ་ས་ནས་ཆེད་བཅར་ཞུ་པའི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་བྱས་ཡོད་རེད།

varanasi-2ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་ནས་དྲ་གནས་དང་དཔེ་དེབ་དབུ་འབྱེད་དང་། གསུང་བཤད་གནང་དོན།

ཚོགས་ཁང་ནང་ཕེབས་པའི་རྣམ་པ་ལྷན་རྒྱས་ལ། ད་ལྟ་འདིར་དྲ་རྒྱ་ཞིག་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཚན་ཐོག་ནས་ L.H.A ཚོགས་པ་ནས་གསར་བཟོ་བྱས་པ་ཞིག་རེད། དེ་མ་བསྐུལ་དང་བླངས་ཐོག་ནས་རིན་པོ་ཆེའི་གསུང་བཤད་ཁག་དང་། རྩོམ་རིགས་ཁག མང་ཚོགས་ནང་རྒྱ་ཁྱབ་ཆེན་པོ་ཐོག་ནས་ཁྱབ་སྤེལ་ཡོང་ཡ་དང་། མང་པོ་ཞིག་གིས་ཀློག་ཐུབ་ཡ་དང་བེད་སྤྱོད་ཡོང་བའི་ཆེད་དུ། ཁོ་རང་ཚོས་མ་བསྐུལ་དང་བླངས་དགོངས་པ་ཆེ་བཞེས་ཐོག་ནས་གནང་བ་དེར་དགའ་བསུ་ཡོད། བསྔགས་བརྗོད་ཡོད།

སྤྱི་སྟངས་ཁ་སང་ངག་དབང་རབ་རྒྱས་ལགས་ངའི་རྩར་ཕེབས་ནས་སྐར་མ་གཉིས་གསུམ་ནང་བྲེལ་བ་ཚ་པོ་ཞིག་གི་སྐབས་ལ་ཁོང་གིས་ངོ་སྤྲོད་ཅིག་གནང་བྱུང་། རྩ་བའི་ཁོང་རྣམ་པས་དང་བླངས་ཐོག་ནས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དེས་ཕྱག་ལས་ཞབས་ཞུ་མང་པོ་ཞིག་གནང་གི་ཡོད་པ་འདྲ། མང་པོ་ཞིག་སྤྱི་ཚོགས་ཞབས་ཞུ་དང་། ཁོར་ཡུག གཞོན་སྐྱེས་མང་པོ་ཞིག་ལ་སློབ་སྦྱོང་མང་པོ་མ་རག་མཁན་ཚོར་སློབ་སྦྱོང་སྤྲོད་ཡ། བོད་དོན་ཕྱི་རྒྱལ་ཁབ་ལ་ངོ་སྤྲོད་གནང་ཡ་ཚུན་པའི་ཕྱག་ལས་མང་པོ་ཞིག་གནང་གི་ཡོད་ས་རེད། དེ་རྒྱ་ཆེ་རུ་ཆེ་རུ་འགྲོ་གི་ཡོད་པ་འདྲ། ཞེ་དྲག་ཡག་པོ་རེད་དྲན་བྱུང་།

དེ་རིང་ལྷག་པར་དུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཁོང་རྣམ་པས་ད་ལྟ་དྲ་རྒྱ་ཞིག་བཟོས་གནང་བ་དེ་གཏན་གཏན་མང་ཚོགས་ལ་ཐུགས་ཕན་སོས་པོ་ཡོང་ཡ་ཞིག་དང་། སྤྱི་སྟངས་གསུང་རྩོམ་དང་གསུང་འཕྲིན་གསུང་བཤད་མང་པོ་ཞིག་ཡོད་ནའང་མང་པོ་ཞིག་གིས་འབད་བརྩོན་བྱས་ཀྱང་ལས་སླ་པོའི་ཐོག་ནས་རག་ཡ་མེད་པ་ཞིག་རེད། གལ་སྲིད་དྲ་རྒྱ་ཞིག་ཡོད་པ་ཡིན་ན་ལམ་སང་རག་ཐུབ་ཡ་ཞིག་ཡིན་པ་རེད།

གང་ལྟར་མདོར་བསྡུས་པ་ཡིན་ན་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོ་བོད་དོན་དང་བོད་ཀྱི་རིག་གཞུང་། བོད་ཀྱི་ཆབ་སྲིད་བཅས་ལ་གཏོང་གནང་མཁན་ཞིག་རེད། ད་ལྟའི་སྐུ་ཚེ་ལྷག་མ་དེ་ཡང་ང་ཚོའི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་ཡོང་ཡ་དང་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གཏན་གཏན་ད་དུང་ཕྱག་ལས་དང་ལམ་སྟོན་ནུས་པ་ཆེར་བསྐྱེད་གནང་ཡ་ཡིན་ཡིན་པ་ཞིག་རེད། ད་ལན་གྱི་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་འདིའི་ཐོག་ནས་རིན་པོ་ཆེའི་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་རྒྱས་པ་ཡོང་བར་ང་རང་ཚོ་ཚང་མའི་ལས་འགན་ཞིག་རེད་ཅེས་གསུངས།

varanasi 6དེ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ནས་མངོན་བསྟོད་གླེགས་བམ་དང་། དམིགས་བསལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲ་གནས་འདི་འདྲ་ཞིག་གསར་བཟོའི་དགོས་དམིགས་བཅས་འགྲེལ་བརྗོད་གསལ་བསྒྲགས་གནང་དོན།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་བོད་ཀྱི་རིག་གཞུང་དང་ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་ཁོངས་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་ཟབ་རྒྱས་རིན་བྲལ་གྱི་གསུང་བཤད་དང་གསུང་རྩོམ་སོགས་དྲ་རྒྱའི་བརྒྱུད་ནས་ཁྱབ་སྤེལ་བྱེད་རྒྱུའི་ལས་འཆར་འདི་བཞིན་ཕྱི་ལོ་ ༢༠༡༤ ལོ་མགོ་ནས་འགོ་འཛུགས་ཀྱིས་ད་ཆ་དངོས་སུ་ལེགས་གྲུབ་དང་འབྲེལ་དེ་རིང་སློབ་དཔོན་མཆོག་གི་འཁྲུངས་ཚེས་དང་བསྟུན་འདིར་དབུ་དབྱེད་ཀྱི་གོ་སྐབས་ཐོབ་པར་དགའ་སྤྲོ་དཔག་མེད་བྱུང་།

སྤྱིར་ཚང་མས་མཁྱེན་གསལ་ལྟར་སློབ་དཔོན་མཆོག་གིས་ནང་ཆོས་དང། འཚེ་མེད་ཞི་བ། ཤེས་ཡོན་སློབ་གསོ། སྲིད་དོན་ཚན་རིག།མང་གཙོའི་རིང་ལུགས། ཁྲིམས་ལུགས། ལོ་རྒྱུས། རིག་གནས། སྐད་ཡིག ཁོར་ཡུག།བཟང་སྤྱོད་གོང་འཕེལ། མི་ཚེའི་རིན་ཐང་སོགས་ཀྱི་ཐོག་ལམ་སྟོན་གནང་བ་ཇི་སྙེད་ཅིག་བོད་ཨིན་ཧིན་གསུམ་ཐོག་དེབ་གཟུགས་དང་སྒྲ་འཇུག་བརྙན་འཕྲིན་སོགས་ནང་བལྟ་ཉན་ཀློག་གསུམ་ཐུབ་རུང་། ཕྱོགས་གཅིག་ཏུ་གཟིགས་བདེ་བ་ཞིག་ད་བར་བྱུང་མེད་སྟབས། ད་ལམ་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་བོད་ཕྱི་ནང་གཉིས་སུ་ཁོང་གི་གསུང་ལ་གཙིགས་ཆེར་འཛིན་མཁན་སྐོམ་པ་ཆུ་འདོད་ལྟར་གྲངས་ལས་འདས་པ་རྣམས་ལ་དྲྭ་ལམ་བརྒྱུད་ནས་ཉམས་ལེན་དང་ལྟ་ཀློག་ཐུབ་ཆེད་མཐུན་རྐྱེན་སྐྲུན་ཐབས་དང་། ལྷག་པར་བོད་མི་རྣམས་ཀྱི་འཕྲལ་ཕུགས་ཕན་བདེའི་དགོས་མཁོར་མཐོང་སྟེ་རིན་པོ་མཆོག་གི་གསུང་གི་བདུད་རྩི་རྣམས་སྐྱེ་རྒུ་རྣམས་ཀྱི་སྤྱོད་ཡུལ་དུ་མ་འགྱུར་ན་ཧ་ཅང་ཕངས་བློས་མ་བཟོད་ནས་དྲྭ་རྒྱ་འདི་བཞིན་གསར་བཟོ་ཞུས་པ་ཡིན།
varanasi-5དེང་སང་སྤྱིར་འཛམ་གླིང་ཡོངས་དང་། བྱེ་བྲག་བོད་པའི་སྤྱི་ཚོགས་ནང་བཟང་སྤྱོད་ཉམས་རྒུད་ཧ་ཅང་མགྱོགས་མྱུར་སོང་སྟེ། མི་རྣམས་ཕྲག་དོག་དང། འགྲན་རྩོད། རྒྱལ་ཕམ། ང་ཆེ་ང་རྫིག་གི་དུས་སྐབས་སུ་ཁྱད་དུ་འཕགས་ཤིང་མིག་དཔེར་འོས་པ་ཪིན་པོ་ཆེ་ལྟ་བུ་ནི་ཧ་ཅང་དཀོན་ཚད་དུ་གྱུར་ཅིང་། གང་ཉིད་ཀྱི་སྤྱོད་ལམ་གྱི་ཆ་ནས་བརྗོད་ན། རྟག་ཏུ་འདོད་ཆུང་ཆོག་ཤེས་དང་། བག་ཡོད་ཚུལ་མཐུན་གྱིས་ཉིན་མཚན་དུས་དྲུག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་མ་ཟད། རྒྱས་སྤྲོས་དང་། རྒྱུ་ནོར་ལོངས་སྤྱོད། གཏམ་སྙན་གྲགས། ཐོབ་གོ་ས། མདོར་ན་དངུལ་དང་དངོས་པོ་སོགས་ཀྱི་འདོད་ཞེན་ཡོངས་སུ་སྤངས་པའི་ནང་པའི་དགེ་སློང་དཀྱུས་མ་ཞིག་གི་ཚུལ་དུ་བཞུགས་ཤིང་། གང་ཉིད་ཀྱི་མཁྱེན་ཡོན་དང་རྣམ་དཔྱོད་ཀྱི་ཆ་ནས་བརྗོད་ན། ཕྱི་ནང་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་རབ་ཏུ་ཕྱུག་པ་ནི་བོད་པའི་སྤྱི་ཚོགས་ཙམ་མ་ཟད། འཛམ་གླིང་ཤར་ནུབ་མཁས་དབང་དུ་མའི་དཀྱིལ་ན་བོད་མི་རིགས་ཀྱི་ཆེ་མཐོང་དང་། གཟི་བརྗིད། ལ་རྒྱ། སྤོབས་པ་སོགས་གོང་མཐོར་འདེགས་པའི་ཕྱག་རྗེས་རྩེ་མོར་སོན་པའི་མཁས་པའི་གཙུག་རྒྱན་ཞིག་ཏུ་བཀུར་བའི་དན་རྟགས་སུ་རྒྱ་གར་འཕགས་ཡུལ་གྱིས་གཙོས་རྒྱལ་སྤྱིའི་ནང་གྲགས་ཅན་གཙུག་ལག་སློབ་ཁང་དང། ཤེས་ཡོན་སྡེ་ཚན། ཉམས་ཞིབ་ཁང་སོགས་ནས་སློབ་སྟོན་པ་དང་ལྷག་པའི་རིགས་བདག་སོགས་ཆེ་བསྟོད་ཀྱིས་བརྒྱན་པར་མཛད་པ་ལས་ཡོངས་སུ་ཤེས་ནུས།

དེ་ཡང་གཞན་དྲིང་མི་འཇོག་པ་ཞིག་ལ། ཪིན་པོ་ཆེ་མཆོག་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་དང་བཀའ་ཇི་གནང་ལ་ཤར་བསྐྱོད་གནང་མཁན་ཞིག་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་རིག་གནས་སོགས་ཀྱི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་བསད་གནང་རུང་། ད་བར་བྱས་ཡུས་ཟུར་ཙམ་ཡང་གསུངས་མྱོང་མེད་པ་མ་ཟད། གཡུར་དུ་ཟ་བའི་རླབས་ཆེན་གྱི་གྲུབ་འབྲས་ཇི་བྱུང་གཟུར་གནས་བློ་ལྡན་ཀུན་གྱིས་མཐོང་ཆོས་སུ་ལྷམ་མེར་གསལ་བ་དེ་ལགས། ད་དུང་ཁོང་ནི་བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་ངེས་པ་ཡོངས་སུ་རྙེད་པ་མ་ཟད། ཉམས་ལེན་ཚུལ་བཞིན་གནང་མཁན་ཞིག་ཀྱང་རེད།
varanasi-4ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་ཉག་ཕྲ་བའི་དུས་སྐབས་འདིར་ཪིན་པོ་ཆེ་མཆོག་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་དེ་བོད་མི་རིགས་ཀྱི་བསོད་བདེ་དང་བསོད་ནམས་ཞིག་ཡིན་པ་བརྗོད་མ་དགོས་ལ། དྲྭ་རྒྱ་འདི་བཞིན་ང་ཚོའི་ཚོགས་པའི་ལས་འཆར་ཞིག་གི་ངོ་བོར་བཟོ་སྐྲུན་གྱི་བགོ་སྐལ་ཐོབ་པ་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་ཅིག་ཏུ་འཁུམས།

དྲྭ་གནས་འདི་ནི་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་དང་། གསུང་རྩོམ། ལྟ་གྲུབ་སོགས་ལ་ཉམས་ལེན་དང་ཞིབ་འཇུག་གནང་ཡུལ་ཆེས་གལ་ཆེའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡིག་ཚགས་ཤིག་ཏུ་འགྱུར་ཐབས་ཀྱིས་མུ་མཐུད་འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ་སོགས་འགོད་སྤེལ་ཞུ་རྒྱུ་ཡིན་པས། སྐལ་ལྡན་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་ངེས་ཅན་ཡོང་བའི་རེ་བ་ཡོད། ད་བར་དྲྭ་གནས་སུ་བོད་ཡིག་ནང་ཡིག་ཐོག་གསུང་རྩོམ་དང་གསུང་བཤད་སོགས་གྲངས་ ༣༠༠ དང་ཨིན་ཡིག་ནང་ཡིག་ཐོག་གྲངས་ ༥༠ བོད་ཡིག་དང་ཨིན་ཡིག་ནང་སྒྲ་ལྡན་གསུང་བཤད་གྲངས་ ༢༠༩ དྲྭ་བརྙན་གསུང་བཤད་གྲངས་ ༣༡ སྐུ་དཔར་གྲངས་ ༩༠༤ བཅས་འགོད་འཇུག་ཞུས་ཟིན།

དྲྭ་གནས་འདི་འདྲ་ཞིག་འཆར་འགོད་དང་གསར་བཟོའི་བརྒྱུད་རིམ་ནང་མིའི་ནུས་ཤུགས་དང་དཔལ་འབྱོར། ལྷག་པར་དུ་རྒྱུ་ཆ་སོགས་མཐུན་རྐྱེན་མང་དག་འཛོམས་དགོས་པ་སྨོས་མེད་ལ་བརྟེན། གང་ཉིད་ཀྱི་གསུང་རྩོམ་དང་གསུང་བཤད་སོགས་རྒྱུ་ཆ་མང་ཆེ་བ་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་སྒེར་དྲུང་འབུམ་རམས་པ་བསྟན་འཛིན་དོན་ཡོད་ལགས་ནས་གནང་སོན་བྱུང་བ་མ་ཟད། ད་དུང་རྩ་ཆེའི་རྒྱབ་སྐྱོར་དང་ལམ་སྟོན་སོགས་དུས་ནས་དུས་སུ་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་དང་། དེ་བཞིན་པདྨ་འཛོམས་སྐྱིད་དང་མུའུ་རེ་གཉིས་ཀྱིས་དྲྭ་གནས་གསར་བཟོ་དང་། འབྲེལ་ཡོད་ལས་བྱེད་སངས་རྒྱས་རྡོ་རྗེ་དང་དྲི་མེད་ཚེ་རིང་གཉིས་ཀྱིས་རྒྱུ་ཆ་དྲྭ་ལམ་ལ་འགོད་འཇུག གཞན་ཡང་དང་བླངས་ལས་བྱེད་རྣམས་ཀྱི་རྒྱབ་སྐྱོར་བཅས་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་གོ་སྐབས་འདི་བརྒྱུད་ཁྱེད་རྣམ་པར་སྙན་གསན་ཞུ་རྒྱུར། ཅི་སྟེ་ཪིན་པོ་མཆོག་གི་གསུང་བཤད་སྒྲ་འཇུག་དང་། བརྙན་པར། ཡིག་ཐོག་འཁོད་པ་སོགས་སུ་ལའང་ཡོད་ཚེ། ང་ཚོར་ངེས་པར་མཁོ་སྤྲོད་གནང་སྐྱོང་ཡོང་བ་མ་ཟད། འབྱུང་འགྱུར་དྲྭ་གནས་འདི་བཞིན་དོན་ཕན་ལྡན་པ་ཡོང་བར་ཚང་མས་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞེས་ཀྱང་ཞུ་རྒྱུ་ཡིན།

དེ་བཞིན་མཁྱེན་རྟོགས་ཆེད་ཞུ་རྒྱུ་ཞིག་ལ། སྔ་ལོ་རིན་པོ་མཆོག་དགུང་གྲངས་ ༧༤ འཁོར་བའི་ཉིན་མོར་གང་ཉིད་ཀྱི་མཚན་ཐོག་ངོ་དེབ (Facebook) གསར་སྐྲུན་ཞུས་པ་ནས་བཟུང་ད་བར་གང་ཉིད་ཀྱི་མཛད་འཕྲིན་སྐུ་པར་དང་གསུང་རྩོམ་སོགས་མུ་མཐུད་འགོད་འཇུག་ཞུས་དང་ཞུ་མུས་ཡིན།

དེ་རིང་གི་ཉིན་མོར་ཪིན་པོ་ཆེ་མཆོག་གི་དྲྭ་གནས་ཙམ་མིན་པར། གང་ཉིད་དགུང་གྲངས་ ༧༥ འཁོར་བའི་འཁྲུངས་ཚེས་ལ་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་ཞིག་ཀྱང་པར་བསྐྲུན་གྱིས་ཆབས་ཅིག་ཏུ་དབུ་འབྱེད་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་སོང་སྙམ། ད་དུང་ཚོགས་པའི་གལ་ཆེའི་ལས་འཆར་འདི་གཉིས་དབུ་འབྱེད་གནང་སའང་སློབ་དཔོན་མཆོག་གིས་བགྲང་བྱ་སུམ་ཅུ་ཧྲིལ་པོའི་རིང་འཕྲིན་ལས་ཀྱི་ཞིང་དུ་བཟུང་བ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འཁེལ་བ་དེའང་མ་བསྒྲིག་ལྷུན་གྲུབ་ཀྱི་རྟགས་རྟེན་བཟང་པོ་བྱུང་བ་མ་ཟད། དབུ་དབྱེད་གནང་མཁན་ཡང་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཅིག་པུའི་རིགས་བདག་པདྨའི་དཔལ་འཛིན་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་ལ་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཝཱ་ཎ་སློབ་ཟུར་མཐུན་ཚོགས་ནས་དབུ་འབྱེད་ཀྱི་གོ་སྐབས་དང་མཐུན་འགྱུར་ཆ་ཚང་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གླེགས་བམ་འདི་མིག་མཐོང་གཟུགས་གྲུབ་ཡོང་བར་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་གི་ལས་དོན་ཡོངས་རྫོགས་ལ་འགན་ཁུར་འཆར་འགོད་ཚགས་ཚུད་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་གལ་ཆེའི་ལས་འཆར་འདི་གཉིས་ལེགས་གྲུབ་ཡོང་བར་ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་དང་དྲུང་ཆེ་འབྲུག་བསྟན་སྐྱིད་ཀྱིས་གཙོས་ལས་བྱེད་རྣམས་ཀྱིས་མཐུན་འགྱུར་སྐུལ་ལྕག་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ཐེངས་ང་ཚོའི་ཚོགས་པའི་གལ་ཆེའི་ལས་འཆར་འདི་གཉིས་ལྷན་གཅིག་ཏུ་ལེགས་གྲུབ་བྱུང་བ་ནི་ངའི་ཡུན་རིང་གི་རྨི་ལམ་ཞིག་མངོན་གྱུར་བྱུང་བས་འབྲེལ་ཡོད་ཚང་མར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལས་འཆར་འདི་གཉིས་འདི་ལོ་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་མུས་ཀྱི་ཆ་ཤས་ཀྱི་ཚུལ་དུ་མ་བསྒྲིག་ལྷུན་གྲུབ་བྱུང་བར་ང་ཚོར་བརྗོད་མི་ཤེས་པའི་དགའ་དད་ཀྱི་ཚོར་ཤུགས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།