མེ་སི་ཀོའི་སློབ་ཕྲུག་དང་རིག་གཞུང་བརྗེ་རེས་བྱས་པ།

Mexican student 1ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༡ ཉིན་མེ་སི་ཀོའི་ཊེ་ཀི་དྷེ་མོན་ཊེ་རའེ་གཙུག་ལག་སློབ་གཉེར་ཁང་(Tec de Monterry University)ནས་དགེ་རྒན་ནའེ་ཌལ་(Naidel)ལགས་དང་། ལི་ལན་(Lillian) གཉིས་ཀྱིས་སྣེ་ཁྲིད་འོག སློབ་ཕྲུག་གྲངས་ ༡༣ ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་

ལྷན་དུ་རིག་གཞུང་བརྗེ་རེས་ཆེད་དྷ་རམ་ས་ལར་འབྱོར་ཡོད་པ་རེད།

ཐོག་མར་སློབ་ཕྲུག་རྣམས་ལ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་། ཚོགས་པའི་ལས་དོན་ཁག་ངོ་སྤྲོད་དང་། བསམ་ཚུལ་དང་གོ་རྟོགས་སྤེལ་རེས་ཆེད་མེ་སི་ཀོའི་སློབ་ཕྲུག་རེ་དང་ལྷའི་སློབ་ཕྲུག་རེ་ཕན་ཚུན་གར་སྡེབ་ངོ་སྤྲོད་དང་། མེ་སི་ཀོའི་སློབ་ཕྲུག་རྣམས་ཀྱིས་ལྷའི་སྐད་ཡིག་འཛིན་གྲྭ་ཁག་དང་། གློག་ཀླད་འཛིན་གྲྭ། དེ་བཞིན་སྤྱི་ཐབ་སོགས་སུ་ཞུགས་ནས་ཉམས་མྱོང་བསགས་པ་དང་གནས་ཚུལ་རྒྱུས་ལོན་གང་ལེགས་བྱས་ཡོད།

Mexican student 2ཕྱི་ཟླ་ ༡༢ པའི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ཀྱིས་ལྷའི་<<ཞི་བའི་ཚལ་>>གྱི་ཚོགས་ཁང་ནང་མེ་སི་ཀོའི་དགེ་སློབ་རྣམས་ལ། སྤྱིར་བོད་དང་ད་ལྟའི་བོད་ཀྱི་གནས་སྟངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། བཙན་བྱོལ་བོད་མིའི་མང་གཙོ་བཅས་ཀྱི་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད།

Mexican student 3ཕྱི་ཚེས་ ༢༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་དང་ལས་བྱེད། བོད་མི་མང་སྤྱི་འཐུས་སོགས་གནད་ཡོད་མི་སྣང་མང་པོ་ཞིག་དགོང་མོའི་གསོལ་ཚིགས་ཏུ་གདན་ཞུས་ཀྱིས་སློབ་ཕྲུག་རྣམས་དང་ལྷན་དུ་བོད་དང་བོད་མིའི་གནས་སྟངས་དང་། བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱི་སྐོར་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས།

Mexican student 4ཕྱི་ཚེས་ ༢༦ ཉིན་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས་གདན་ཞུས་ཀྱིས་ཁོང་གིས་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རྩའི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་དང་ལས་དོན་ཁག་ངོ་སྤྲོད་བྱས།

Mexican student 5ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ། དེ་བཞིན་ཚོགས་སྡེ་འདྲ་མིན་གྱི་ཉམས་ཞིབ་པ་དང་། གསར་འགོད་པ་སོགས་ཤེས་ཡོན་མི་སྣ་མང་པོ་ཞིག་དགོང་མོའི་གསོལ་ཚིགས་ཏུ་གདན་ཞུས་ཀྱིས་སློབ་ཕྲུག་རྣམས་དང་ལྷན་དུ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་བྱས།

མ་ཚད་སློབ་ཕྲུག་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། གྲོས་ཚོགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་དཔེ་མཛོད་ཁང་སོགས་སུ་བལྟ་སྐོར་དུ་ཁྲིད་པ་དང་། སློབ་ཕྲུག་རྣམས་ཀྱི་བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་ཐོག་རྒྱུས་ལོན་བྱེད་པའི་གོ་སྐབས་བསྐྲུན།

Mexican student 6སློབ་མ་མའོ་རི་ཀོ་བྷི་ཛི་ (Mauricio Baez)ལགས་ཀྱིས། ཐེངས་འདིར་ང་ཚོས་དུས་ཚོད་སྐར་མ་རེ་རེའི་ནང་ལའང་གནས་ཚུལ་མང་པོ་གསར་རྟོགས་དང་རྒྱུན་ལོན་ཐུབ་བྱུང་ལ། བསམ་བློ་ཞིབ་ཕྲ་ཞིག་གཏོང་ཚེ་འགྲོ་བ་མིའི་མི་ཚེའི་ནང་མཛེས་སྡུག་དང་དཀའ་ངལ་མང་པོ་ཞིག་ཡོད་པ་དང་། དངུལ་དང་དབང་ཤུགས། དམག་འཁྲུག་བཅས་ཆེས་ཆེར་དར་བཞིན་པའི་དུས་སྐབས་འདིའང་བོད་ཀྱི་རིག་གཞུང་ནི་ཆེས་བྱམས་སྙིང་རྗེ་དང་ལྡན་པ་དང་འཛམ་གླིང་ནང་རིག་གཞུང་དམིགས་བསལ་བ་ཞིག་ཡིན་པ་རྟོགས་དུས་ངོ་མཚར་སྐྱེས་བྱུང་ཞེས་གསུངས།

ཕྱི་ཚེས་ ༢༩ ཉིན་གྱི་དགོང་མོར་ལྷས་མེ་སི་ཀོའི་དགེ་སློབ་རྣམས་ལ་ཕེབས་སྐྱེལ་གྱི་ཚུལ་དུ་དགོང་ཟས་གོ་སྒྲིག་དང་། ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པ་སྔ་མོ་དགེ་སློབ་རྣམས་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས། ཨམ་རི་སར་དང་ཧར་དྷི་ཝར། ཇཱ་པུ་རཱ། ཨ་གྷ་རཱ་སོགས་སུ་སྐོར་བསྐྱོད་རྗེས་རྒྱལ་ས་ལྡི་ལི་ནས་ཕྱི་ཟླ་ ༡ ཚེས་ ༨ ཉིན་མེ་སི་ཀོར་ཕྱིར་ལོག་བྱས་ཡོད།

ཐེངས་འདིར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ལྷན་དུ་རིག་གཞུང་བརྗེ་རེས་གནང་མཁན་མཐོ་སློབ་དང་། འདས་པའི་ལོ་ངོ་ ༣ རིང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་འབྲེལ་མཐུད་གནང་མཁན་ལྕམ་ནའེ་ཌལ་( Naidel Ardila) བཅས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ང་ཚོས་མུ་མཐུད་ནས་རྣམ་པ་ཚོ་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་རེ་འདུན་ཞུ་བཞིན་ཡོད།