དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Clean Water Project At Tibetan Library 1ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་པ་དང་། འཕྲུལ་ཆས་དེས་ཆུ་ཚོད་རེར་ཆུ་ཁོལ་མ་ལི་ཊར་ ༢ དང་ཆུ་གྲང་མོ་ལི་ཊར་ ༢༠ གཙང་བཟོ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།

བོད་ཀྱི་དཔེ་མཛོད་ཁང་གི་ཁྱོན་ལས་བྱེད་ ༩༥ ཙམ་དང་། ཉིན་ལྟར་ནང་ཆོས་དང་སྐད་ཡིག་འཛིན་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་མཁན་སློབ་མ་ ༣༠༠ ཙམ་དང་། དེ་བཞིན་དཔེ་མཛོད་ཁང་དུ་དཔེ་དེབ་བལྟ་ཀློག་ཆེད་ཕེབས་མཁན་འགྲུལ་པ་༢༠ཙམ་བཅས་ཁྱོན་མི་གྲངས་ ༤༡༥ ལྷག་ཙམ་གྱིས་ཚ་གྲང་གཉིས་ལྡན་གྱི་འཐུང་ཆུ་གཙང་མ་འདི་བཞིན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་རེད།
Clean Water Project At Tibetan Library 2སྤྱིར་དྷ་སར་ཆུའི་དཀའ་ངལ་ཡོད་མུས་ཐོག དཔེ་མཛོད་ཁང་ཡོད་ས་དེར་དབྱར་ཁ་ཚ་བ་ཤིན་ཏུ་ཆེ་བས་འཐུང་ཆུ་གྲང་མོ་རག་རྒྱུར་དཀའ་ངལ་དང་། དགུན་ཁ་གནམ་གཤིས་ཧ་ཅང་གྲང་བས་ཆུ་ཁོལ་མ་རག་རྒྱུ་ལའང་དཀའ་ངལ་ཡོད། རྒྱུན་དུ་ཀ་ལའི་ཆུ་ཁ་ཐུག་འཐུང་སྲོལ་མེད་ལ་ལྷག་པར་ཆར་དུས་སྐབས་ཀ་ལའི་ཆུ་དེ་ལས་ཀྱང་གཙང་མ་མེད། འཕྲུལ་ཆས་འདིས་དཔེ་མཛོད་ཁང་གི་ལས་བྱེད་དང་སློབ་གཉེར་བ། དཔེ་ཀློག་བྱེད་མཁན་འགྲུལ་པ་བཅས་ཚང་མར་ཕན་ཐོགས་ཆེན་པོ་ཆགས་སྲིད་སྐོར་འབྲེལ་ཡོད་ལས་བྱེད་ཀྱིས་འགྲེལ་བརྗོད་གནང་།
Clean Water Project At Tibetan Library 3འདི་ལོ་ད་དུང་ཆུ་ཚགས་འཕྲུལ་ཆས་ཁག་ཅིག་བོད་པའི་སྤྱི་ཚོགས་ནང་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་ལ། ད་བར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་གིས་ཁྱོན་མི་གྲངས་ ༧༩༥༠ ཙམ་ལ་ཁེ་ཕན་ཐོབ་ཡོད་པ་རེད།
བོད་ཀྱི་དཔེ་མཛོད་ཁང་གི་དྲ་ཚིགས་སུ་བཀོད་པར་ལྟར་ན། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནི་ཕྱི་ལོ་ ༡༩༧༠ ཟླ་བ་ ༦ པའི་ཚེས་ ༡༡ ཉིན་དབུ་བརྙེས་ཏེ་གནས་ཡུལ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས། ལོ་ངོ་དེ་དག་རིང་བོད་ཀྱི་དཔེ་མཛོད་ཁང་གིས་ལས་དོན་གང་ཅིར་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་བཏང་ནས་སྤྱི་ཚོགས་ཁྲོད་གདེང་འཇོག་ཆེན་པོ་ཐོབ། དེང་གི་ཆར་དཔེ་མཛོད་ཁང་འདི་བཞིན་འཛམ་གླིང་ནང་ནང་ཆོས་དང་། བོད་རིག་པའི་གཞུང་ལུགས་ཐོག་ཞིབ་འཇུག་སློབ་གཉེར་བྱེད་སའི་ཤེས་ཡོན་བསྟི་གནས་གལ་ཆེ་ཞིག་ཏུ་གྱུར་བ་དང་། འདི་གའི་ལས་དོན་ཚགས་ཚུད་དང་ཕུན་སུམ་ཚོགས་པའི་མཐུན་རྐྱེན་ལ་བརྟེན་འཛམ་གླིང་ཡུལ་གྲུ་གང་ས་ནས་མཁས་དབང་དང༌། ཉམས་ཞིབ་པ། སློབ་ཕྲུག གཟིགས་སྐོར་བ་སོགས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཏེ་འདིར་ཕེབས་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

Clean Water Project At Tibetan Library 4ཕྱི་ལོ་ ༡༩༩༡ ལོར་ཧི་མཱ་ཅལ་མངའ་སྡེ་གཞུང་གི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་འདི་བཞིན་བོད་རིག་པའི་ཤེས་ཡོན་བསྟི་གནས་སུ་ངོས་འཛིན་གནང༌། ལོ་ལྔའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔེ་མཛོད་ཁང་འདི་བོད་ཀྱི་དཔེ་མཛོད་དང༌། བོད་ཀྱི་འགྲེམས་སྟོན་ཁང༌། བོད་ཀྱི་ཡིག་མཛོད་བཅས་སུ་གཅིག་བསྡུས་ཀྱི་ངོ་བོར་ངོས་འཛིན་གནང༌། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་གཞུང་གི་ལག་བྲིས་སྲུང་སྐྱོབ་ལས་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་འདི་རྒྱལ་ཁབ་ཀྱི་ཕྱག་དཔེ་ཐོན་ཁུངས་བསྟི་གནས་ཤིག་ཏུ་ངོས་འཛིན་གནང༌།

དམིགས་ཡུལ་དང་དགོས་པ།
• བོད་ཀྱི་རིག་གཞུང་གཅེས་སྲུང་དང༌། གོང་འཕེལ། ཁྱབ་སྤེལ་བཅས་གཏོང་རྒྱུ།
• བོད་ཀྱི་ཕྱག་དཔེ་གསུང་རྟེན་ཁག་མཁོ་སྒྲུབ་དང༌། སྲུང་སྐྱོབ། ཉར་ཚགས་བཅས་བྱ་རྒྱུ།
• ཀློག་དེབ་དང་དཔྱད་གཞི་ཡིག་ཆ་མང་ཙམ་མཁོ་སྤྲོད་བྱ་རྒྱུ།
• དཔེ་ཆའི་ཐོ་གཞུང་དང་ཡིག་ཆའི་རེའུ་མིག་མཁོ་སྤྲོད་དང་པར་འགྲེམས་བྱ་རྒྱུ།
• དཔྱད་གཞིའི་ཡིག་ཆའི་འདྲ་བཤུས་མཁོ་སྤྲོད་དང༌། པར་འགྲེམས། མཁོ་འདོན་བཅས་བྱ་རྒྱུ།
• དཔྱད་གཞི་འཐུས་སྒོ་ཚང་བའི་བོད་རིག་པའི་བསྟི་གནས་ཁང་གི་ངོ་བོར་གནས་རྒྱུ།

བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་སྒྱུ་རྩལ་དང༌། སྣང་བརྙན། ཕྱག་དཔེ། ཐང་ག པར་རིས། དེ་བཞིན་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་སུ་གྱུར་པའི་རིག་དངོས་སྣ་ཚོགས་ཤིག་གཅེས་ཉར་བྱེད་སའི་མཛོད་ཁང་ལྟ་བུར་ཞབས་འདེགས་སྒྲུབ་ཀྱི་ཡོད། འདིར་དཔེ་མཛོད་འབའ་ཞིག་མིན་པར་འགྲེམས་སྟོན་ཁང་དང་ཡིག་མཛོད་ཀྱང་ཡོད། ལྷག་པར་དུ་རིག་གཞུང་དང་ཤེས་ཡོན་སློབ་གཉེར་བྱེད་སའི་ཤེས་ཡོན་བསྟི་གནས་ཤིག་ཡིན་པར་མ་ཟད་འདི་ག་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་ལྟར་བགྲོ་གླེང་དང༌། ཚོགས་འདུ། ཟབ་སྦྱོང༌། གཏམ་བཤད་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་གཞིའི་རྣམ་གྲངས་མང་པོ་གཉེར་བཞིན་མཆིས། དེ་དག་ལ་བརྟེན་ནས་ཉམས་ཞིབ་དང་ཤེས་ཡོན་སྤེལ་རེས་ཀྱི་ཁོར་ཡུག་གོང་མཐོར་གཏོང་རྒྱུའི་སྒོ་མོ་ཕྱེ་ཡོད།

ཐོག་མར་སྡེ་ཚན་ཆུང་ངུ་གསུམ་ལས་ད་ཆ་བོད་ཀྱི་དཔེ་མཛོད་ཁང་འདིར་རིག་གཞུང་དང་ཤེས་ཡོན་ཆ་ཚང་བའི་ཆེད་ལས་སྡེ་ཚན་བཅུ་གསར་འཛུགས་ཐུབ་པ་བྱུང༌ཡོད་འདུག