སྐྱབས་བཅོལ་བོད་མིའི་སྤྱི་ཐབ་སྐོར།

ཕྱི་ལོ་༢༠༡༡་ཟླ་༧་ཚེས་༦་ཉིན་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྤྱི་ཐབ་ཅིག་སྒོ་ཕྱེས་ཡོད་པ་དང། དེ་ཡང་སྤྱི་ཐབ་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། དང་པོ་ང་ཚོའི་སྐྱབས་བཅོལ་བའི་གནས་བབས་འོག་ཟས་གོས་སོགས་དཀའ་ངལ་ཡོད་མཁན་མི་ཉུང་བ་ཡོད་པས་ཉམ་ཐག་མི་མང་གི་དཀའ་ངལ་སེལ་ཆེད་དང༌།

གཉིས་པ་ང་ཚོའི་སྤྱི་ཚོགས་ནང་ནད་རིགས་མང་པོ་གཅིག་ཟས་བཅུད་མི་འདང་བའི་དཀའ་ངལ་ལ་བརྟེན་ནས་ཡོང་གི་ཡོད་པས། ང་ཚོའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་སྤྱི་ཐབ་འདི་སྒོ་ཕྱེས་པ་ཡིན། ཉིན་ལྟར་ཆེས་རོགས་རམ་དགོས་ངེས་ཅན་གྱི་མི་གྲངས་༤༠ནས་༥༠ བར་ལ་ཉིན་གུང་ཞལ་ལག་རོགས་རམ་བྱེད་ཀྱི་ཡོད་ལ། ད་ལྟའི་ཆར་ཉིན་གུང་ཞལ་ལག་མཆོད་མཁན་མི་གྲངས་༤༧་ཙམ་ཡོད།