ང་ཚོས་ལས་རིམ་ཞབས་ཞུ་སྒྲུབ་སྟངས།

རིག་གཞུང་བརྗེ་རེས་བྱེད་པའི་ལས་རིམ་ནང་། ང་ཚོས་ནུབ་ཕྱོགས་ཀྱི་སློབ་ཕྲུག་རེ་རེ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐད་ཡིག་འཛིན་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རེ་དང་མཚམས་སྦྱོར་བྱེད་ཀྱིས་ལྷའི་སློབ་ཕྲུག་མང་ཆེ་བ་དབྱིན་སྐད་ཆུ་རྒྱུག་རྒྱུག་དེ་འདྲ་མིན་ཡང་རྒྱུན་དུ་ཁོང་ཚོ་ཚང་མས་སློབ་སྦྱོང་དང་རང་ཉིད་ཀྱི་ཉམས་མྱོང་ཁག་གཞན་ལ་ཤོད་རྒྱུར་འབད་བརྩོན་ཆེན་པོ་བྱེད་མཁན་ཤ་སྟག་ཡིན་ལ། ཁོང་ཚོའི་ཉམས་མྱོང་དང་དཀའ་སྡུག་གི་ལོ་རྒྱུས་རྣམས་ཇི་བཞིན་གཞན་ལ་ཤོད་ཐུབ་ཀྱི་ཡོད་ཅིང་། སློབ་མ་མང་ཆེ་བ་ལོ་ན་༢༠ནས་༤༠བར་ཡིན།

Exchange Studentsཁོང་ཚོས་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་ཕྲུག་རྣམས་ཁོང་ཚོའི་གྲོགས་པོ་དང་སྤུན་མཆེད་སོགས་ཀྱི་ནང་ལ་འཁྲིད་ནས་ངོ་སྤྲོད་དང་། གཞན་ཡང་སྐྱབས་བཅོལ་བོད་མི་མང་པོ་དང་འབྲེལ་འདྲིས་རྒྱུས་ལོན་བྱེད་པའི་གོ་སྐབས་སྐྲུན་གྱི་ཡོད།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བོད་པའི་སྤྱི་ཚོགས་ནང་སྐད་གྲགས་ཆེ་བའི་མཁས་དབང་དང་ཆེད་མཁས་པ་དེ་འདྲ་གདན་ཞུས་ཀྱིས་རིག་གཞུང་བརྗེ་རེས་བྱེད་མཁན་སློབ་ཕྲུག་རྣམས་ལ་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། བོད་ཕྱི་ནང་གཉིས་ཀའི་སྤྱི་ཚོགས་ཀྱི་གནས་སྟངས། བོད་ཀྱི་གསོ་བ་རིག་པ། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་སོགས་བརྗོད་གཞི་འདྲ་མིན་ཐོག་ངོ་སྤྲོད་གཏམ་བཤད་ཀྱིས་བོད་ཀྱི་རིག་གནས་གོམས་སྲོལ་དང་ད་ལྟའི་གནས་བབས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་བཞིན་ཡོད།

དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་རིག་གཞུང་བརྗེ་རེས་བྱེད་མཁན་གྱི་སློབ་ཕྲུག་སོགས་ལ། ཁོང་ཚོའི་འདོད་མོས་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་དང་། བོད་ཟས། བོད་མིའི་སྒྱུར་རྩལ། ཡོ་གཱ། ཕུར་མཉེ་སོགས་རིགས་གནས་འདྲ་མིན་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། ལས་རིམ་ཆུང་གྲས་ཁག དཔེར་ན། ཁོར་ཡུག་གཙང་བཟོ་དང་། འཕྲོད་བསྟེན་ཟབ་སྦྱོང་། ལྷའི་སྤྱི་ཐབ་ནང་ཞབས་ཞུ་སྦྱོང་བརྡར་བཅས་སྤྲོད་ཀྱི་ཡོད།

དུས་ཡུན་རིང་པོ་ནས་ལས་རིམ་ཁག་ཅིག་གོ་སྒྲིག་བྱེད་བཞིན་པ་དཔེར་ན། སོའི་སྨན་བཅོས་ལས་རིམ་དང་། མིག་བཤའ་བཅོས་ལས་རིམ་སོགས། ཚོགས་སྡེ་གཞན་ཁག་དང་མཉམ་འབྲེལ་གྱི་ལས་རིམ་འདྲ་མིན་གོ་སྒྲིག་ལག་བསྟར་བྱེད་བཞིན་ཡོད།

རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་མ་སོགས་ལྷའི་ Ahimsa House ནང་སྡོད་གནས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ང་ཚོས་ཞོགས་དགོང་གཉིས་ཀའི་ཞལ་ལག་གོ་སྒྲིག་ཡོད་ཅིང་། བོད་མིའི་སྲོལ་རྒྱུན་གྱི་ཞལ་ལག་ཐེ་བའི་ཉིན་ལྟར་ཞལ་ལག་སྣེ་ཁ་༥ནས་༧བར་ཡོད། དེའི་ནང་ཤ་ཡོད་དང་ཤ་མེད་གཉིས་ཀ་ཡོད། དེར་བརྟེན་སློབ་ཕྲུག་ཚོས་སྐབས་དེར་བོད་མིའི་རོ་བཅུད་ལྡན་པའི་ཞལ་ལག་རིགས་འདྲ་མིན་ཡང་ལོངས་སུ་སྤྱོད་ཆོག

ལས་རིམ་གཞན་ཞིག་ནི་'Home Stay' program ཞེས་ནུབ་ཕྱོགས་ཀྱི་སློབ་ཕྲུག་རྣམས་སྐྱོབས་བཅོལ་བོད་མིའི་ཁྱིམ་ཚང་ཁག་གི་ནང་སྡོད་ནས། བོད་མིའི་འཚོ་བ་དངོས་ལ་ཞུགས་རྒྱུའི་ལས་རིམ་ཞིག་གོ་སྒྲིག་བྱེད་བཞིན་ཡོད། སློབ་ཕྲུག་རྣམས་བོད་མིའི་འཚོ་བ་དངོས་ལ་ཞུགས་ནས་སྲོལ་རྒྱུན་གྱི་རིག་གཞུང་འདྲ་མིན་གྱི་ཁྱད་ཆོས་ཉམས་སུ་མྱོང་རྒྱུ་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱི་ཉིན་རེའི་ཟ་སྡོད་འགྲོ་གསུམ་སོགས་མི་ཚེ་སྐྱེལ་སྟངས་ལ་དངོས་སུ་རྒྱུན་ལོན་བྱེད་ཐུབ།

དེ་བཞིན་ཁོ་ཚོ་ས་ཕྱོགས་གང་ཞིག་ནས་རྒྱ་གར་ལ་འབྱོར་མ་ཐག ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ལྡི་ལི་གནམ་ཐང་སོགས་ནས་སྣེ་ལེན་དང་། བདེ་འཇགས་ཐོག་འགྲུལ་བཞུད་བཀོད་སྒྲིག་བྱེད་ཀྱིན་ཡོད།

གཞན་ཡང་ང་ཚོས་དྷ་སའི་ཉེ་འཁོར་དུ་ཡོད་པའི་ནོར་བུ་གླིང་ཁ་དང་། རྒྱུད་སྟོད་གྲྭ་ཚང་། བོད་ཕྲུག་ཁྱིམ་སྡེ། བོད་ཀྱི་འགྲེམས་སྟོན་ཁང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། བོད་ཀྱི་དཔེ་མཛོད་ཁང་། དབུས་བོད་མིའི་སྒྲིག་འཛུགས། སྨན་རྩིས་ཁང་སོགས་སུ་སྐོར་བསྐྱོད་དུ་ཁྲིད་ནས་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་། བཙན་བྱོལ་བོད་མིའི་གནས་སྟངས་གང་མང་རྒྱུས་ལོན་ཐུབ་ཐབས་བྱེད་ཀྱིན་ཡོད།