ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཕྱི་ལོ་༢༠༡༣ལོའི་ལས་བསྡོམས་སྙན་ཐོ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་འཚམས་འདྲི་ཞུ་རྒྱུ་དང་འབྲེལ། ཕྱི་ལོ་གསར་ཚེས་ནང་སྐུ་ཉིད་བསམ་དོན་ལྷུན་གྲུབ་ཡོང་བའི་བཀྲིས་སྨོན་འདུན་ཞུ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཕྱི་ལོ་ ༢༠༡༣ ལོའི་ལོ་འཁོར་ལས་བསྡོམས་སྙན་ཐོ་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་དང་།

འདི་ལོའི་ལས་འཆར་གསར་པ་དང་རྒྱུན་ལྡན་ལས་དོན་ཁག་ལེགས་གྲུབ་ཡག་པོ་བྱུང་ཡོད་ཅིང་། སྐུ་ཉིད་ཐེ་བའི་རྒྱབ་སྐྱོར་བ་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལྷའི་གཞི་རྩའི་དམིགས་ཡུལ་ནི་སྤྱི་ཚོགས་ནང་མིང་དོན་མཚུངས་པའི་ཞབས་ཞུ་སྣེ་མང་ཞུ་རྒྱུ་དང་མཐུན་རྐྱེན་སོགས་སྦྱར་ཏེ་སྐྱབས་བཅོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་ཡིན།
ལྷའི་ཉིན་རེའི་ཞབས་ཞུ་བྱེད་ཡུལ་མཚོན་ན་མི་གྲངས་ ༡༥༠ ཙམ་ལ་ཞབས་ཞུ་འདྲ་མིན་ཞུ་བཞིན་པ་དང་། དྭང་བླངས་པ་ ༡༥ ནས་ ༢༥ བར་ལ་ལས་གནས་བཀོད་སྒྲིག་བྱེད་བཞིན་ཡོད། ཞབས་ཞུའི་རྣམ་གྲངས་མཚོན་ན། སྐད་ཡིག་འདྲ་མིན་གྱི་འཛིན་གྲྭའི་སྡེ་ཚན་དང་། གློག་ཀླད་ཆེད་སྦྱོང་། ལག་ཤེས་སྦྱོང་བརྡར། ཁོར་ཡུག་དང་འཕྲོད་བསྟེན་སྐོར་གྱི་གོ་རྟོགས་ལས་འགུལ། ཟས་བཅུད་ལྡན་པའི་སྤྱི་ཐབ་དང་འཐུང་ཆུ་གཙང་མའི་ལས་འཆར། མིག་བརྟག་དཔྱད་དང་མིག་ཤེལ་རིན་མེད་ཀྱི་ལས་གཞི། གྱོན་གོས་རིན་མེད་བགོ་འགྲེམས། དཔེ་མཛོད་ཞབས་ཞུ་སོགས་རྣམ་གྲངས་ ༢༠ ཙམ་ཡོད།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། ས་གནས་རྒྱ་གར་མི་མང་དང་ཧི་མ་ལའི་རི་བརྒྱུད་རྣམས་ལའང་ཞབས་ཞུ་དང་ལས་རིམ་འདྲ་མིན་གྱིས་སྦྱོང་བརྡར་སྤྲོད་བཞིན་ཡོད་ལ། འཛམ་གླིང་རྒྱལ་ཁབ་གང་ས་ནས་ཕེབས་པའི་རིག་གཞུང་བརྗེ་རེས་བྱེད་མཁན་གྱི་སློབ་ཕྲུག་ཚོགས་པ་སོགས་དང་མཉམ་དུ་རིག་གཞུང་བརྗེ་རེས་ཀྱི་གོ་སྒྲིག་ཡང་ཞུ་གིན་ཡོད།
དབུས་བོད་མིའི་སྒྲིག་འཛུགས་གཙོས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་ས་ཕྱོགས་གང་ས་ནས་ཕེབས་པའི་ཁྱད་ལས་དྭང་བླངས་པ་འབྲེལ་མཐུད་སོགས་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།
རྒྱུན་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འགྲོ་སོང་ཆུང་ཆུང་ཞིག་བཏང་ནས་ལས་དོན་ཆེ་ཙམ་ཞིག་བསྒྲུབ་ཐབས་སུ་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་ཡོད་ལ། རྣམ་པ་ཚོས་རྒྱབ་སྐྱོར་བྱས་པར་བརྟེན་ནས་ང་ཚོའི་ཞབས་ཞུ་དང་ལས་འཆར་ཁག་རྣམ་གྲངས་ཇེ་མང་དང་། འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༡༣ ལོར་ལས་འཆར་མང་པོ་ཞིག་ཡོད་པའི་ནང་སློབ་གྲྭ་ཁག་ལྔའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཆུ་ཚགས་འཕྲུལ་ཆས་ལྔ་གསར་འཛུགས་བྱས་པ་བརྒྱུད་མི་གྲངས་ ༢༠༠༠ ཙམ་གྱི་འཐུང་ཆུ་ཙམ་མ་ཟད་ཞལ་ལག་བཟོ་ས་ལའང་འདང་ངེས་ཀྱི་དྭངས་གཙང་གི་བཙགས་ཆུ་མཁོ་འདོན་ཐུབ་ཡོད་པ་རེད།
དེ་བཞིན་ལྷས་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ལའང་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་ཐད་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ཅིང་། སྤྱི་ཐབ་ལ་ཉིན་ལྟར་དཔལ་འབྱོར་དང་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་པའི་མི་གྲངས་ ༤༠ ནས་ ༥༠ བར་ལ་ཉིན་གུང་ཁ་ལག་སྤྲོད་ཀྱི་ཡོད། སྤྱི་ཐབ་འདི་བཙུགས་པ་ནས་ད་བར་མི་གྲངས་ ༡༦༨ ལ་རོགས་ཕན་ཐུབ་པ་བྱུང་ཡོད།
འདི་ལོར་ང་ཚོས་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་ས་ནས་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་ཚོགས་ཁག་ ༩ ཙམ་ལ་རིག་གཞུང་བརྗེ་རེས་གོ་སྒྲིག་བྱས་ཡོད་ཅིང་། ལས་རིམ་དེ་དག་ནང་མཉམ་ཞུགས་བྱེད་མཁན་སློབ་མ་ ༡༢༠ ཙམ་བྱུང་སྟེ་བོད་དོན་གོ་རྟོགས་གོང་འཕེལ་དང་བོད་པའི་སྤྱི་ཚོགས་སོགས་ལ་རྒྱུས་ལོན་གང་ལེགས་ཐུབ་པ་བྱུང་ཡོད།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་འཆར་གསར་པ་ཞིག་ནི། ཕྱི་ལོ་ ༢༠༡༤ ལོར་ནས་ལྷ་བོད་ཀྱི་ལུགས་མཐུན་ཚོང་ལས་ཁང་ Lha Tibet Fair Trade (LTFT) ཞིག་སྒོ་འབྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཚོང་ལས་ཁང་དེ་རྒྱ་གར་དབུས་གཞུང་ལ་བཟོ་ཚོང་ལས་ཁང་གི་མིང་ཐོག་དེབ་སྐྱེལ་བྱས་པ་ཞིག་དང་། དེའི་དམིགས་ཡུལ་ནི་ཧི་མ་ལའི་རི་བརྒྱུད་དུ་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་འཚོ་གནས་ཡར་རྒྱས་དང་། རྒྱུན་དུ་ཁོང་ཚོར་ཡོང་འབབ་འཕར་སྣོན། ལྷག་པར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་འདི་ཉིད་ཀྱང་མ་འོངས་རྒྱུན་གནས་དང་། ཚོགས་པ་སྲ་བརྟན་ཡོང་ཆེད་དུ་དམིགས་པ་ཞིག་ཡིན།
ད་དུང་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འགྲེམས་སྤེལ་བྱེད་བཞིན་པའི་འབྲེལ་གཏུགས་དུས་དེབ་འདི་ད་ཆ་རྒྱ་གར་དབུས་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གི་ཚགས་ཤོག་ཁྲིམས་མཐུན་དེབ་སྐྱེལ་ལས་ཁུངས་ལ་དེབ་སྐྱེལ་བྱས་ཟིན་པ་མ་ཟད། དུས་དེབ་འདི་འཛམ་གླིང་གི་འགྲུལ་བཞུད་སྣེ་ཤན་གྱི་དེབ་ཁྱབ་ཆེ་ཤོས་ (Lonely Planet) དང་དེ་བཞིན་འགྲིམ་འགྲུལ་ཚོགས་སྡེ་ཁག་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དུས་དེབ་འདིའི་ནང་བོད་ཀྱི་དངོས་ཡོད་གནས་སྟངས་དང་དྷ་རམ་ས་ལའི་གནས་ཚུལ་བཅས་བཀོད་ནས་འདས་པའི་དུས་ཡུན་ལོ་ངོ་ ༡༥ ཙམ་གྱི་རིང་རིན་མེད་འགྲེམས་སྤེལ་བྱས་ཡོད།
དུས་དེབ་འདི་ནི་བོད་མིས་དཔར་སྐྲུན་བྱེད་བཞིན་པའི་ཨིན་ཡིག་དུས་དེབ་ཁག་ནང་ནས་དུས་ཡུན་རིང་ཤོས་ཀྱི་དུས་དེབ་ཅིག་ཆགས་ཡོད་པ་རེད། དུས་དེབ་ནང་བོད་ཀྱི་གནས་ཚུལ་ཙམ་མ་ཡིན་པར་ས་གནས་ཀྱི་གནས་ཚུལ་དང་། རྒྱལ་སྤྱིའི་ཡུལ་སྐོར་བའི་གནས་ཚུལ་སོགས་མང་པོ་འཁོད་ཡོད། ཕྱི་ལོ་༢༠༡༤ ལོའི་ཕྱི་ཟླ་དང་པོ་ནས་འགོ་བཙུགས་ཏེ། སྤྱི་ཚོགས་ནང་སློབ་གྲྭའི་སློབ་ཕྲུག་ལ་ང་ཚོས་མིག་དང་སོའི་སྨན་བཅོས་ཀྱི་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུ་ཡིན། ལས་འཆར་འདི་ས་གནས་འདིར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད།
ལྷའི་རིག་གཞུང་བརྗེ་རེས་སོགས་གོ་སྒྲིག་བྱས་པ་བརྒྱུད། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་འདི་ཉིད་རང་ཁ་རང་གསོ་དང་། ཚོགས་པ་ཇེ་བརྟན་དུ་གཏོང་མཁན་གཙོ་བོ་ཞིག་ཆགས་ཡོད།
ང་ཚོའི་སྐད་ཡིག་འཛིན་གྲྭ་དང་། གློག་ཀླད་འཛིན་གྲྭ། གཞན་ཉིན་ལྟར་གྱི་བྱེད་སྒོ་ཁག་ནི་ཕྱི་ཕྱོགས་ནས་དངུལ་དངོས་རོགས་རམ་ཡོད་མེད་ལ་མ་བལྟོས་པར་ལས་རིམ་མུ་མཐུད་འགྲོ་མུས་ཡིན། འོན་ཀྱང་། གཞན་སྤྱི་ཐབ་དང་། མིག་དང་སོའི་སྨན་བཅོས། འཕྲོད་བསྟེན། འཐུང་ཆུ་གཙང་བཟོ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ། འབྲེལ་གཏུགས་དུས་དེབ་དཔར་བསྐྲུན་སོགས་ནི་མུ་མཐུད་རྣམ་པ་ཚོའི་གཏོང་ཕོད་ཆེ་ བའི་ཞལ་འདེབས་ལ་བརྟེན་དགོས་ཀྱི་ཡོད་པ་རེད།
ཕྱི་ལོ་ ༡༩༩༧ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གསར་འཛུགས་བྱས་པ་ནས་བཟུང་། འཛམ་གླིང་གི་ས་ཕྱོགས་གང་ས་ནས་རྒྱབ་སྐྱོར་བ་དང་། དྭང་བླངས་པ་བཅས་ཁྱོན་མི་གྲངས་སྟོང་ཕྲག་མང་པོས་མུ་མཐུད་ང་ཚོར་སེམས་ཤུགས་འཕར་མ་སྦྱིན་བྱུང་ལ། རྣམ་པ་ཚོའི་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ང་ཚོས་མ་འོངས་མུ་མཐུད་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུ་དང་། འབྱུང་འགྱུར་གྱི་ལོ་གསར་པའི་ནང་ལས་དོན་གསར་པ་མང་པོ་ཞིག་བརྩམ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༡༣ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་དོན་ཚགས་ཚུད་དང་ལེགས་གྲུབ་བྱུང་བ་ལྟར། ང་ཚོས་མ་འོངས་ཕྱི་ལོ་ ༢༠༡༤ ལོའི་ནང་ལའང་དེ་བཞིན་ལས་དོན་ཚགས་ཚུད་དང་ལེགས་གྲུབ་ཡོང་པའི་རེ་བ་བྱེད་བཞིན་ཡོད་ལ། རྒྱུན་དུ་ལྷག་བསམ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་མཁན་དྭང་བླངས་པ་དང་། རྒྱབ་སྐྱོར་གནང་མཁན་མེད་པ་ཡིན་ན་ང་ཚོའི་ལས་དོན་ཁག་ལ་གཡུར་གཟའི་གྲུབ་འབྲས་ལའདི་ལྟ་བུ་ཡོང་མི་ཐུབ་པས། འདིར་སླར་ཡང་ཁྱེད་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན། ངག་དབང་རབ་རྒྱས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན།

ཕྱི་ལོ་ ༢༠༡༣ ལོའི་གལ་ཆེའི་ལས་དོན་ཁག་གི་སྙན་ཐོ་མདོར་བསྡུས།
ཕྱི་ལོ་ ༢༠༡༣ ལོར་ཟླ་རེའི་གྲངས་ཐོ་གཞི་བཟུང་ལྟར་ལོ་གཅིག་ལ་འཛིན་གྲྭ་ཁག་ལ་ཞུགས་མཁན་སློབ་མ་ ༣༡༢༠ བྱུང་།
སྐད་ཡིག་འཛིན་གྲྭ་ཁག་ལ་གསར་དུ་ཞུགས་མཁན་སློབ་མ་ ༨༠༦ བྱུང་།
གློག་ཀླད་རྨང་གཞིའི་འཛིན་གྲྭ་དང་གློག་ཀླད་མཐོ་རིམ་འཛིན་གྲྭ་གཉིས་ལ་ཞུགས་མཁན་སློབ་མ་ ༡༣༤ བྱུང་།
སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་དང་ས་གནས་རྒྱ་གར་སྤྱི་ཚོགས་གཉིས་ཀྱི་ནང་གྱོན་གོས་གྲངས་ ༡༧༦༦ རིན་མེད་བགོ་འགྲེམས་བྱས།
ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནང་ཉིན་ལྟར་དཀའ་ངལ་ཡོད་པའི་མི་ ༤༠ ནས་ ༥༠ བར་ལ་བཅུད་ལྡན་གྱི་ཞལ་ལག་དང་དྭངས་གཙང་གི་འཐུང་ཆུ་བཅས་མཐུན་རྐྱེན་སྦྱོར་བཞིན་ཡོད།
དྷ་ས་བདེ་དོན་ལས་ཁུངས་དང་མཉམ་འབྲེལ་གྱིས་དྷ་ས་མེ་གྷན་ཁུལ་དུ་ཁོར་ཡུག་གཙང་བཟོ་ཞིག་གོ་སྒྲིག་བྱས།
རྒྱ་གར་ནང་གནས་སྡོད་ཆོག་ཡིག RC གི་དུས་འགྱངས་ཐོ་འགོད་སོགས་ལ། བོད་ནས་གསར་དུ་འབྱོར་བ་དང་ཤེས་ཡོན་གྱི་ལྟེ་གནས་ཤིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་དཔང་རྟགས་དགོས་གལ་ཅན་གྱི་སློབ་མ་ ༢༠༤ ལ་དེ་བཞིན་རྒྱབ་གཉེར་སྤྲད་ཡོད།
འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་པ་གསར་པ་མི་གྲངས་ ༦༡༩ ལ་དྭང་བླངས་ཀྱི་ལས་ཀ་བཀོད་སྒྲིག་བྱས།
ཨ་རི་དང་། མེཀ་སི་ཀོ་དེ་བཞིན་ཧྥ་རན་སི་བཅས་ནས་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་བཅས་སློབ་གྲྭ་ཁག་ ༩ ཡི་སློབ་མ་གྲངས་ ༡༢༠ དང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་བྱས་ཡོད། དྷ་ས་བྱམས་པ་གླིང་རྒས་གསོ་ཁང་དུ་རྒན་ཁོག་རྣམས་ལ་གསེར་ཁབ་བརྒྱབ་ནས་རིན་མེད་སྨན་བཅོས་ཤིག་གོ་སྒྲིག་བྱས།
ཕུར་མཉེ་སྦྱོང་བརྡར་འཛིན་གྲྭ་སྔ་ཕྱི་ཐེངས་གཉིས་གོ་སྒྲིག་བྱས།
འབྲེལ་གཏུགས་དུས་དེབ་ཟླ་བ་རེར་ཁྱོན་དེབ་གྲངས་ ༧༠༠ ནས་ ༡༠༠༠ བར་འགྲེམས་སྤེལ་དང་། ལོ་གཅིག་ནང་དེབ་གྲངས་ ༨༤༠༠ རིན་མེད་འགྲེམས་སྤེལ་བྱས།
སློབ་གྲྭ་ཁག་ ༥ ཡི་ནང་ཆུ་ཚགས་འཕྲུལ་ཆས་ ༥ གསར་འཛུགས་བྱས་པ་དེས་མི་གྲངས་ ༢༠༠༠ ཙམ་གྱི་འཐུང་ཆུ་གཙང་མ་དང་། ཞལ་ལག་གཉིས་ཀའི་ནང་བེད་སྤྱོད་འདང་ངེས་ཤིག་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།

ཕྱི་ལོ་ ༢༠༠༣ ནས་ ༢༠༡༣ བར་གྱི་སྙན་ཐོ་མདོར་བསྡུས།
འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ཁག་ ༤༠ ནས་དྭང་བླངས་པ་མི་གྲངས་ ༥༨༠༧ གྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་དྭང་བླངས་ཕྱག་ལས་གནང་ཡོད།
རྒྱལ་སྤྱིའི་ཤེས་ཡོན་གྱི་ཚོགས་སྡེ་ཁག་ནས་ཁྱོན་སློབ་མ་གྲངས་ ༩༠༩ ཙམ་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ནང་མཉམ་ཞུགས་བྱས་ཡོད།
དེབ་གྲངས་ ༣༣་༠༠༠ ཙམ་བོད་མི་དང་ས་གནས་རྒྱ་གར་གྱི་སློབ་གྲྭ་དང་དཔེ་མཛོད་ཁང་སོགས་ལ་རིན་མེད་བགོ་འགྲེམས་བྱས།
གྱོན་གོས་གྲངས་ ༣༠་༧༧༩ ལྷག་ཙམ་ཞལ་འདེབས་ཀྱི་ལམ་ནས་བསྡུ་རུབ་དང་། བཙན་བྱོལ་བོད་མི་དང་ས་གནས་རྒྱ་གར་མི་མང་ལ་བགོ་འགྲེམས་བྱས།
ཁྱོན་སློབ་མ་གྲངས་ ༩་༥༢༥ ཙམ་ང་ཚོའི་སྐད་ཡིག་འཛིན་གྲྭ་ཁག་ལས་སློབ་སྦྱོང་གོ་སྐབས་ཐོབ་ཡོད།
གློག་ཀླད་དང་གློག་ཀླད་ཆེད་སྦྱོང་བཅས་ལ་གོ་སྐབས་ཐོབ་མཁན་ཁྱོན་སློབ་མ་གྲངས་ ༢་༥༥༦ བྱུང་ཡོད།
མི་གྲངས་ ༢༩༦ ཙམ་གྱི་མིག་རིན་མེད་བརྟག་དཔྱད་དང་། ཁྱོན་མི་གྲངས་ ༢༢༦ ལ་རིན་མེད་མིག་ཤེལ་བཟོས་ཡོད།
མི་གྲངས་ ༡༦༩ ཙམ་ལྷའི་འཕུ་མཉེ་སྦྱོང་བརྡར་འཛིན་གྲྭ་ལས་སློབ་མཐར་ཕྱིན་ཡོད།
ལྷའི་པར་རྒྱག་སྒྱུ་རྩལ་སློབ་སྦྱོང་ལས་མཐར་ཕྱིན་མཁན་ཁྱོན་སློབ་མ་གྲངས་ ༦༧ བྱུང་ཡོད་པ་རེད།
ལྷས་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་ཉིན་ལྟར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སྐྱབས་བཅོལ་བོད་མི་གྲངས་ ༤༠ ནས་ ༥༠ བར་ལ་ཞལ་ལག་སྤྲོད་བཞིན་པ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༧ ནས་སྤྱི་ཐབ་གསར་དུ་སྒོ་ཕྱེས་པ་ནས་བཟུང་ད་བར་ཞལ་ལག་མཆོད་མཁན་མི་གྲངས་ ༡༦༨ ཙམ་བྱུང་ཡོད།
སློབ་གྲྭ་ཁག་ ༩ ཡི་ནང་ཆུ་ཚགས་འཕྲུལ་ཆས་གྲངས་ ༩ གསར་འཛུགས་བྱས་པ་བརྒྱུད་ཁྱོན་མི་གྲངས་ ༤༠༠༠ ཙམ་ལ་འཐུང་ཆུ་དང་ཞལ་ལག་བསྐོལ་སྤྱོད་གཉིས་ཀའི་ནང་དྭངས་གཙང་གི་བཙགས་ཆུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ས་གནས་གཞན་ཞིག་ཏུ་སློབ་སྦྱོང་གི་གོ་སྐབས་འཐོབ་ཆེད་དང་། ཡང་ན་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་དུས་འགྱངས་ཞུ་བར། བོད་ནས་གསར་དུ་འབྱོར་བའམ་ཤེས་ཡོན་གྱི་ལྟེ་གནས་ཤིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་རྒྱབ་གཉེར་དགོས་གལ་བྱུང་རིགས་ཁྱོན་སློབ་མ་གྲངས་ ༣༦༨ ཙམ་ལ་རྒྱབ་གཉེར་སྤྲད་ཡོད།