ཨེ་ཙི་ན་ཚ་སྐོར་གྱི་གལ་ཆེའི་གོ་རྟོགས་ཤེས་བྱ།

AIDS-ribbon SMALL 1ནད་ངན་ཨེ་ཙི་ན་ཚའི་བྱུང་རིམ་སྐོར།
འཇིགས་སུ་རུང་བའི་ནད་ངན་ཨེ་ཙི་AIDS བོད་སྐད་དུ་༼སྲིན་འབུ་འཁྲུགས་པའི་ནད་༽དང་ཡང་ན་༼གཉན་ནད་རེག་དུག་༽ནི། ཕྱི་ལོ་༡༩༨༡ ལོའི ་ཟླ་༦ ཚེས་༥ ཉིན་ཨ་རིའི་འགོས་ནད་ཆེད་མཁས་མི་སྣས་ཐོག་མར་ངོས་འཛིན་དང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད།

གསལ་བསྒྲགས་བྱས་ནས་མི་ལོ་༣༣ ཙམ་གྱི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འཛམ་གླིང་ནང་མི་གྲངས་ས་ཡ་༦༠ ཙམ་ལ་ན་ཚ་འདི་འགོས་པ་མ་ཟད། མི་གྲངས་ས་ཡ་༣༠ ལྷག་ཙམ་གྱི་ཚེ་སྲོག་འཕྲོག་ཟིན་པ་དང་། མི་གྲངས་ས་ཡ་༣༥ ཙམ་མུ་མཐུད་ནས་ནད་ངན་འདིས་མནར་ཡོད།

བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་ལའང་ནད་ངན་འདི་དར་ཁྱབ་འགྲོ་བཞིན་པ་དང་། བོད་རིགས་སྤུན་ཟླ་བརྒྱ་ཕྲག་འགའ་ཤས་ཀྱི་ཚེ་སྲོག་འཕྲོག་ཟིན་ཅིང་། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༣ ཉིན་ཤེས་རྟོགས་བྱུང་དོན་ལྟར་ན་འཕྲོད་བསྟེན་ལས་ཁུངས་ལ་དངོས་སུ་འབྲེལ་གཏུགས་བྱུང་བའི་ཐོ་གཞུང་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཨེ་ཙི་ནད་པ་གྲངས་༦༠ ཙམ་ཡོད་ལུགས་གསུངས་ཡོད།

ཡང་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༡ ཉིན་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ལོ་༢༠༡༠ ལོར་ཉམས་ཞིབ་བྱས་པ་བརྒྱུད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱོན་བོད་མི་༡༣༠ ཙམ་ལ་ཨེ་ཙི་ནད་གཞི་འགོས་ཡོད་ཅིང་། དེའི་ནང་བོད་མི་༦༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད།

བོད་ནང་ནས་སྨན་སྤྲུལ་དགེ་གྲགས་ལགས་ནས་བརྩམས་པའི་ཨེ་ཙི་སྐོར་གྱི་དེབ་ཆུང་ནང་འཁོད་དོན།
ཕྱི་ལོ་༢༠༠༩ ལོར་བོད་རང་སྐྱོངས་ལྗོངས་སུ་ཨེ་ཙི་ནད་པ་མི་གྲངས་༡༠༣ དང་། ༢༠༠༨ ལོར་མཚོ་སྔོན་ཞིང་ཆེན་དུ་ཨེ་ཙི་ནད་པ་མི་གྲངས་༡༦༧། ༢༠༠༩ ལོར་ཀན་སུ་ཞིང་ཆེན་ལ་ཨེ་ཙི་ནད་པ་མི་གྲངས་༢༨༧། ༢༠༠༩ ལོར་ཡུན་ནན་ཞིང་ཆེན་དུ་ཨེ་ཙི་ནད་པ་མི་གྲངས་༧༢༩༣༩ ཡོད་ཅིང། ཡིན་ཡང་༢༠༡༠ ལོར་མི་གྲངས་༡༦༡༨༦༣ ལ་འཕར་ཡོད་པ་དང། ལོ་གཅིག་གི་ནང་ལ་མི་གྲངས་༨༨༩༢༤ འཕར་ཡོད་འདུག ༢༠༠༩ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཨེ་ཙི་ནད་པ་༣༠༡༠༠ ཡོད་པ་རེད་ཅེས་གསལ་འདུག

གོང་གསལ་ཨེ་ཙི་ནད་པའི་གྲངས་འབོར་འདི་ས་ཁུལ་འདི་དག་གི་སྤྱིའི་གྲངས་འབོར་ཡིན་པ་ལས་བོད་རིགས་གཅིག་པུ་ཡིན་ཚོད་མི་འདུག་ལ། ཡིན་ནའང་བོད་ཀྱི་ས་ཁུལ་དུ་ནད་ངན་འདི་དར་ཁྱབ་ཆེན་པོ་འགྲོ་རྒྱུ་ཡིན་པ་ཛ་དྲག་དང་ཚད་གཞི་མཐོ་པོར་སླེབས་ཡོད་པ་རེད།

ཨི་ཙེའི་ནད་འདི་ཆེས་ཐོག་མར་ཨ་ཧྥི་རི་ཁའི་ཡུལ་གྲུ་ནས་དུས་རབས་༡༩ དུས་མཇུག་ཙམ་ནས་བྱུང་ཡོད་ཅིང་། རིམ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་ལ་འགོས་ཁྱབ་སོང་ཞིང་། མ་འོངས་པར་ཨེ་ཤ་ཡའི་ས་ཁུལ་ལ་དར་ཁྱབ་ཆེ་རུ་འགྲོ་རྒྱུ་ཡིན་པ་ཉེན་ཁ་ཆེན་པོ་ཡོད་ཅིང། ལྷག་པར་རྒྱ་ནག་དང་། རྒྱ་གར། ཧིན་དྷུ་ཉི་ཤི་ཡ་གསུམ་ནི་མ་འོངས་པར་ཨེ་ཙི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཏུ་འགྱུར་ངེས་པར་ཚོད་དཔག་བྱེད་བཞིན་ཡོད།

ད་ལྟ་ནས་ཚང་མས་ནད་ངན་འདིར་དོ་སྣང་དང་། སྔོན་འགོག་གི་ཐབས་ཤེས་གང་ཐུབ་མ་བྱས་ཚེ། ནམ་ཞིག་རི་ལུད་པ་ཐག་པས་མི་འདོམ་པའི་དཔེ་ལྟར། བོད་མིའི་སྤྱི་ཚོགས་ནང་ནད་ངན་འདི་དར་ཁྱབ་ཆེ་རུ་ཕྱིན་ཚེ། མི་རྒྱུད་དང་ཁྱིམ་རྒྱུད་སྟོང་རྒྱུ་ཡིན་པ་ཟད། མཐའ་ན་རྒྱལ་ཁབ་དང་མི་རིགས་རྩ་སྟོང་དུ་འགྲོ་སྲིད་པས། ནད་ངན་འདིར་ཚང་མས་ལྷོད་གཡེང་རྩ་བ་ནས་མ་གནང་བར་དོ་སྣང་དང་སྔོན་འགོག་གི་ལས་གཞི་གང་མང་སྤེལ་ཏེ་ང་ཚོ་མི་རེ་ངོ་རེ་ནད་ངན་འདིའི་སྡུག་སྔལ་ནང་མ་ལྷུང་བར་ཐབས་ཤེས་བྱེད་དགོས་པའི་འགན་འཁྲི་ཆེན་པོ་ལྡན་ཡོད།

གང་འདྲ་ཞིག་ལ་HIV སྲིན་འབུ་ཟེར་རམ།
HIV སྲིན་འབུ་ནི་མིའི་གཟུགས་པོའི་ནང་ལྷན་སྐྱེས་ཀྱི་ནད་གཞི་སྔོན་འགོག་གི་ནུས་པ་དེ་རིམ་པས་ཉམས་སུ་འཇུག་མཁན་གྱི་འབུ་ཞིག་རེད།
གལ་སྲིད་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་སྲིན་འབུ་དེས་རྐྱེན་པས་AIDS ཨེ་ཙི་འཕོག་ངེས་རེད།

གང་འདྲ་ཞིག་ལ་AIDS ཨེ་ཙི་ཟེར་རམ།
AIDS ཨེ་ཙི་ནི་མིའི་ལྷན་སྐྱེས་ཀྱི་ནད་ཞིག་མ་ཡིན་པར་ཕྱིས་བྱུང་སྲིན་འབུས་ལྷན་སྐྱེས་ཀྱི་ནད་གཞི་སྔོན་འགོག་གི་ནུས་པ་ཉམས་སུ་འཇུག་ནས་ནད་རྟགས་འདྲ་མིན་མང་པོ་ཐོན་པའི་ཚབ་ཆེན་གྱི་ན་ཚ་ཞིག་ལ་ཟེར།
HIVསྲིན་འབུ་ཡོད་པའི་མི་ཞིག་ལ་རང་བཞིན་ལྷན་སྐྱེས་ཀྱི་ནད་གཞི་སྔོན་འགོག་ནུས་པ་ཉམས་ནས་ན་ཚ་འདྲ་མིན་འཕོག་སྟེ་ཨེ་ཙི་AID ན་བར་མངོན།

ཨེ་ཙི་འགོས་ཁྱབ་ཀྱི་རྒྱུད་རིམ།
HIV སྲིན་འབུ་དེ་མིའི་ལུས་ཁམས་ཀྱི་ཁུ་བ་འདྲ་མིན་ཏེ་དཔེར་ན་ཁྲག་དང་། ཐིག་ལེ། མོ་མཚན་གྱི་ཁུ་བ། གཤེར་ཁུ་འཛག་ཐོན། ཨ་མའི་ནུ་ཞོ་སོགས་རྒྱུད་ནས་འགོས་ཀྱི་ཡོད།

HIV སྲིན་འབུའི་རྒྱུད་ལམ།
འགྱིག་ཤུབ་བེད་མི་སྤྱོད་པར་ལུས་འབྲེལ་བྱེད་པ།
སྲིན་འབུ་འགོས་པའི་ཁབ་དང་། སྨན་ཁབ། སྐྲ་བཞར་གྲི། གཞནཉལ་ཐག་དང་འབྲེལ་བའི་མྱོས་རྫས་ཀྱི་མཁོ་ཆས་རིགས་མཉམ་སྤྱོད་བྱེད་པ།
སྲིན་འབུ་ལྡན་པའི་མ་ཡིས་མངལ་ལ་ཡོད་པའི་ཕྲུ་གུ་དང་། དེབཞིན་ཕྲུ་གུ་སྐྱེས་སྐབས་དང་ནུ་གསོས་བྱེད་སྐབས་སོགས།
ཁྲག་དང་ཁྲག་ཁ་གསབ་སོགས་བྱེད་སྐབས་སྲིན་འབུ་ཡོད་པའིཁྲག་བེད་སྤྱོད་པ་སོགས་ལས་འགོས་སྲིད།
རྒྱུན་དུ་མཚན་མ་དང་ཤང་ལམ་སོགས་རྒྱུད་ནས་ལུས་འབྲེལ་བྱེད་སྐབས་འགྱིག་ཤུབ་ངེས་པར་དུ་གྱོན་དགོས།
ཁབ་དང་སྨན་ཁབ་སོགས་ཀྱི་མཁོ་ཆས་རིགས་ནམ་ཡང་མཉམསྤྱོད་བྱེད་མི་རུང་།
གལ་སྲིད་ཁྱེད་རང་ལ་HIV སྲིན་འབུ་ཡོད་ཚེ་རྒྱུན་དུ་སྨནབཅོས་ལྟ་སྐྱོང་ཞུ་དགོས།
རྒྱུན་དུ་HIV སྲིན་འབུའི་སྐོར་ཁ་གསང་པོས་གཞན་དང་གོབསྡུར་དང་། གཞན་ལས་སློབ་གསོ་ལེན་དགོས།

ཇི་ལྟར་བྱས་ན་སྲིན་འབུ་འགོས་མི་སྲིད་དམ།
ལུས་ལ་རེག་པ་དང་། ལག་པ་གཏོང་བ། ཕན་ཚུན་འཐམ་པ། ཆུ་ཏོསྐམ་པོས་འོ་བྱས་པ།
ཨ་ཅོར་དང་ལག་ཕྱིས། གྱོན་གོས་སོགས་མཉམ་སྤྱོད་བྱེད་པ།
ཐབ་ཆས་དང་ཕོར་པ་སོགས་མཉམ་དུ་སྤྱོད་པ།
སྤྱི་སྤྱོད་གསང་སྤྱོད་དང་། འཁྲུ་ཁང་། ཆུ་རྫིང་། འཐུང་ཆུ་སོགསམཉམ་དུ་སྤྱོད་པ།
HIV སྲིན་འབུ་དེ་རླུང་དང་ལུས་པོའི་ཕྱིའི་སྐྱེ་དངོས་རྒྱུད་ནས་ཁྱབ་དར་འགྲོ་ཡི་མེད།

སྲིན་འབུ་འགོས་པའི་རྟགས་མཚན།
HIV སྲིན་འབུ་ཡོད་པའི་མི་འགའ་ཤས་ལ་ནད་རྟགས་རྩ་བ་ནསམེད་སྲིད།
མི་འགའ་ཤས་སྲིན་འབུ་འགོས་ནས་ཉིན་ཤས་རྗེས་ཚ་བ་འཕར་བདང་། འབྲུམ་བུ་ཐོན་པ། རྨེན་ཁྲོས་པ། མགྲིན་པ་ན། ཁ་དང་མགྲིན་པར་རྨ་འབྲུམ་ཐོན་པ། ལུས་ཀྱི་ཚིགས་དང་ཤ་རྒྱུས་ལ་ན་ཟུགས་གཏོང་བ་སོགས་འབྱུང་སྲིད།

སྲིན་འབུ་འགོས་ཡོད་མེད་ཇི་ལྟར་ཤེས་སམ།
གལ་སྲིད་ཁྱེད་ལ་HIV སྲིན་འབུ་འགོས་ཡོད་པའི་ཚོར་སྣངསླེབས་ཚེ་ངེས་པར་དུ་ཁྲག་གམ་ཡང་ན་ཁ་ལུད་མཆི་མ་སོགས་བརྟག་དཔྱད་བྱེད་དགོས།
གལ་སྲིད་བརྟག་དཔྱད་རྒྱུད་HIV སྲིན་འབུ་མི་ཐོན་པ་དང་། ཟླབ་གསུམ་ཚུན་ནས་སྲིན་འབུ་ཡོད་པའི་མི་དང་ལུས་འབྲེལ་བྱས་མེད་ཚེ། ཁྱེད་རང་ལ་ནད་གཞི་དེ་མེད་པ་ཡིད་ཆེས་བྱོས།
གལ་སྲིད་བརྟག་དཔྱད་རྒྱུད་HIV སྲིན་འབུ་ཐོན་ཚེ་མུ་མཐུད་མཇུག་སྐྱོང་བརྟག་དཔྱད་གང་དགོས་ངེས་པར་བྱེད་དགོས།

སྲིན་འབུ་ཡོད་ན་སྨན་བཅོས་ཡོད་དམ།
ནད་གཞི་དེར་སྨན་བཅོས་བྱ་ཐབས་མེད་ཀྱང་སྨན་དང་ལྟ་སྐྱོངའོག་མི་ཚེ་རིང་དུ་འགྲོ་བ་དང་ལུས་པོའི་གནས་སྟང་ཡར་རྒྱས་ཡོང་བའི་ཐབས་ཤེས་ཡོད།
སྔོན་འགོག་ནི་སྲུང་སྐྱོབ་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན།
འཛམས་གླིང་ནང་མི་ས་ཡ་༣༥ ལྷག་HIV ཨེ་ཙི་ཡིས་མནར་ཡོད།
སྲིན་འབུ་འགོས་ཁྱབ་བཀག་འགོག་བྱེད་ཐབས། ལག་དེབ་འདིའི་བརྒྱུད་མི་གཞན་ལ་གོ་རྟོགས་སྤེལ་བ་དང་སློབགསོ་སྤྲོད་པ།
རང་ཉིད་ལ HIV སྲིན་འབུ་འགོས་ཡོད་མེད་བརྟག་དཔྱད་དང་མི་གཞན་ལ་མི་འགོས་པའི་ཆེད་སྔོན་འགོག་ཚད་ལྡན་བྱེད་པ། སྤྱི་ཚོགས་ནང་HIV ཨེ་ཙི་ཡོད་མཁན་གྱི་མི་རྣམས་ལ་ཉེ་རིང་དབྱེ་འབྱེད་མི་བྱེད་པ།
གལ་སྲིད་ཨེ་ཙི་སྔོན་འགོག་སྐོར་ཤེས་འདོད་དང་། སློབ་གསོ། རྒྱབ་སྐྱོར་བཅས་དགོས་ཚེ་འདི་གའི་ཁ་བྱང་ཐོག་འཛེམ་ཟོན་མེད་པར་འབྲེལ་བ་གནང་རོགས།

མི་ལ་ཨེ་ཙི་འགོས་པར་ཐོག་མར་(HIV) སྲིན་འབུའི་ན་ཚད་དེ་འགོས་ཀྱི་ཡོད། (HIV) ཨི་ཆི་ཨའེ་ཝི་ཟེར་བའི་དབྱིན་ཡིག་བསྡུས་ཚིག་འདི་རྒྱས་བཤད་བྱས་ན་Human Immunodeficien­cy Virus རེད། གོ་དོན་ནུས་འཇོམས་དུག་སྲིན་ནད་འབུ་ཞིག་རེད།
(H) Human འགྲོ་བ་མི།
(I) Immunodeficiency ནད་འགོག་ནུས་པའི་རྫས།
(V) Virus ནད་འབུ།
འགྲོ་བ་མིའི་ནད་འགོག་ནུས་རྫས་འཇོམ་པར་བྱེད་མཁན་གྱི་ནད་འབུ་ཞིག་ལ་གོ་ཆོག

བསྡུས་ཚིག་ཨེ་ཙི་(AIDS) ཅེས་པ་འདི་རྒྱས་པར་བཤད་ན། Acquired Immune Deficiency Syndrome ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པར་གོ།
A (Acquired) འགོས་པ་(སྨིན་པ)།
I (Immune) ནད་འགོག་ནུས་པ།
D (Deficiency) ཉམས་པ།
S (Syndrome) ན་ཚ།
ནད་འགོག་ནུས་པ་ཉམས་པའི་ན་ཚ་འགོས་པར་(AIDS) ཨེ་ཙིའི་འགོས་ནད་ཟེར།

(HIV) སྲིན་འབུ་འདི་སྤྲ་དང་སྤྲེའུ་དང་། འགྲོ་བ་མིའི་ལུས་ཟུངས་ཀྱི་ཕྲ་ཕུང་ནང་འཚོ་གནས་ཐུབ་པ་ལས། སྤྲ་དང་སྤྲེའུ་དང་མིའི་གཟུགས་པོའི་བརླན་གཤེར་དང་བྲལ་ཚེ། ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་གི་ནང་དུ་རང་ནུས་ཀྱིས་སྐར་མ་༣ ནས་༥ བར་ལས་འཚོ་མི་ཐུབ་པ་འཆི་འགྲོ་ཡི་ཡོད།