ཕྱི་ལོ་༢༠༡༤ ལོའི་ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ཀྱི་ལོ་འཁོར་སྙན་ཐོ།

Survey 2014 4ཕྱི་ལོ་ ༢༠༡༡ ལོར་ལྷ་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་གསར་འཛུགས་བྱས་པ་ནས་བཟུང་དྷ་ས་གནས་སྡོད་བྱེད་མཁན་ད་བར་ཁྱོན་སྐྱབས་བཅོལ་བོད་མི་གྲངས་ ༢༥༠ ཙམ་ལ་རིན་མེད་དང་ཡང་ན་རིན་གོང་ཆུང་ཞིང་ཟས་བཅུད་ལྡན་པའི་ཞལ་ལག་མཐུན་རྐྱེན་སྤྲད་ཡོད་པ་རེད།

རེས་གཟའ་ཟླ་བ་ནས་པ་སངས་དབར་བདུན་ཕྲག་གཅིག་གི་ནང་ཉིན་ལྔའི་རིང་ཉིན་ལྟར་ཉིན་གུང་གི་ཞལ་ལག་མཆོད་མཁན་མི་གྲངས་ ༥༠ ནས་ ༥༥ བར་ཡོད་པ་དང་། དེའི་ནང་ཉིན་ལྔའི་རིང་ཆད་མེད་དུ་ཞལ་ལག་མཆོད་པར་ཡོང་མཁན་གྱི་བརྒྱ་ཆ་ ༨༥ ཟིན་ཡོད་སྟབས། ཞབས་ཞུ་འདི་ཧ་ཅང་ཕན་ཐོགས་དང་དགོས་མཁོ་ཆེན་པོ་ཡིན་པ་གསལ་གཏོན་བྱས་ཡོད།

ཞལ་ལག་མཆོད་མཁན་བརྒྱ་ཆ་ ༨༩ ཙམ་གྱིས་ལྟོ་དུས་རེར་ལྟོ་དོད་ཙམ་ཧིན་སྒོར་ ༡༥ སྤྲོད་ཀྱི་ཡོད་པ་དང་། བརྒྱ་ཆ་ ༡༡ ཙམ་ལ་ཞལ་ལག་རིན་མེད་དུ་མཆོད་བཞིན་ཡོད། ལྟོ་དོད་སྤྲོད་ཐུབ་ཀྱི་ཡོད་མེད་དེ་ཁོང་ཚོའི་འཚོ་བ་དང་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་ནས་སོ་སོས་བདམ་ཀ་བྱེད་ཀྱི་ཡོད་པ་རེད།
Survey 2014 5ཕྱི་ལོ་ ༢༠༡༣ ལོར་ལྷའི་ལས་གཞི་འདིར་ཕན་ཐོགས་དང་གྲུབ་འབྲས་ཇི་ཙམ་ཡོང་གི་ཡོད་མེད་དང་། འགྱུར་བ་གཏོང་དགོས་མིན་བཅས་ཀྱི་ཐད་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་གཞི་འདིས་དཀའ་ངལ་དང་དགོས་མཁོ་ཆེ་བའི་སྐྱབས་བོད་མི་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད།

ཞིབ་འཇུག་ཐེངས་གཉིས་པ་འདི་ཐེངས་དང་པོ་དང་ཕྱོགས་འདྲ་ཡང་སྣོན་འཕྲི་ཏོག་ཙམ་བྱས་ཡོད་པ་དང་། དྲི་བ་རྣམས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ནང་བཟོས་ནས་བཀྲམས་པ་དང་། སྤྱི་ཐབ་ནས་ཞལ་ལག་མཆོད་མཁན་མི་མང་ལ་བཅུད་ལྡན་ཞལ་ལག་མཁོ་སྤྲོད་དང་ཟས་བཅུད་ཀྱི་སྤྱི་ཤེས་གོ་རྟོགས་སྤེལ་རྒྱུ་ནི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྤྱི་ཐབ་འདིའི་དམིགས་ཡུལ་དང་ལས་དོན་གལ་ཆེན་ཞིག་ཆགས་ཡོད།

ད་སྐབས་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༥༤ ཡོད་པ་ཚང་མར་ཞིབ་འཇུག་གིས་རྒྱུས་ལོན་བྱས་པ་དང་། དེའི་ནང་མི་གསུམ་སྐབས་སྔོན་མའི་ཞིབ་འཇུག་སྐབས་སུའང་ཡོད་པ་ཞིག་རེད་འདུག

གཞི་རྩའི་སྙན་ཐོའི་ནང་འཁོད་པར་ལྟར་ན། ལྷའི་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་ཚང་མ་བོད་ནང་སྐྱེས་པ་ཤ་སྟག་རེད་འདུག་ལ། ལྷ་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༧༦ ཙམ་ལོ་ན་ ༢༡ ནས ༤༠ བར་རེད་འདུག་པ་དང་། དེའི་ནང་བུད་མེད་ཀྱིས་སུམ་ཆ་གཅིག་ཟིན་འདུག

སྙན་ཐོའི་ནང་ཆང་ས་བརྒྱབ་པའི་བརྒྱ་ཆ་ ༡༥ དང་། ཆང་ས་མ་བརྒྱབ་པའི་བརྒྱ་ཆ་ ༤༦། དགེ་འདུན་པ་བརྒྱ་ཆ་ ༣༥། བཙུན་མ་བརྒྱ་ཆ་ ༤ བཅས་ཟིན་འདུག དེར་བརྟེན་དགེ་འདུན་པ་དང་བཙུན་མ་ཐེ་བའི་མི་རྐྱང་གི་བརྒྱ་ཆ་ ༨༥ ཟིན་ཡོད་པ་དང་། དེ་དག་ནང་བརྒྱ་ཆ་ ༧༦ ཙམ་ཁེར་རྐྱང་དུ་གནས་སྡོད་བྱེད་མཁན་རེད་འདུག
Survey 2014 3ཁོང་ཚོ་མང་ཆེ་བར་སོ་སོ་རང་ཉིད་ལ་དངུལ་དངོས་དང་དཔལ་འབྱོར་ཀྱི་ཡོང་ཁོངས་ངེས་གཏན་མེད་ཁར། སློབ་སྦྱོང་དང་གནས་སྟངས་གཞན་གྱིས་རྐྱེན་པས་རྒྱུན་དུ་སོ་སོས་ཞལ་ལག་བཟོ་བར་དཀའ་ངལ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

སྤྱི་ཐབ་ཀྱི་ཞལ་ལག་རྣམས་ཤ་མེད་དང་བཅུད་ལྡན་ཁོ་ན་ཡིན་ཞིང་། བཟའ་བཅའ་རྣམས་སོས་པ་དང་མང་པོ་ཞིག་ས་གནས་ཀྱི་ཐོན་ཁུངས་ཁག་ཡིན་པ་དང་། བདུན་ཕྲག་རེའི་ནང་ཞལ་ལག་དང་མཉམ་དུ་ཤིང་ཐོག་ཐེངས་གསུམ་སྤྲོད་ཀྱི་ཡོད།

བདུན་ཕྲག་གཅིག་གི་ཉིན་ལྔའི་ནང་ཞལ་ལག་མི་འདྲ་བ་སྣེ་ཁ་ལྔ་རེས་མོས་ལྟར་གཏོང་གིན་ཡོད་ལ། མཉམ་དུ་བཙགས་ཆུ་ཁོལ་མ་དང་གྲང་མོ་གང་འདོད་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། ཞལ་ལག་མཆོད་སའི་ཟ་ཁང་དང་ཐབ་ཚང་། དེ་བཞིན་སྣོད་ཆས་རྣམས་ཧ་ཅང་གཙང་མ་དང་སྤུས་ཚད་ལྡན་པ་ཞེ་ཅིག་ཡིན།

དེ་བཞིན་ལྷའི་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་རྣམས་ལ་རྒྱུན་དུ་ཁོང་ཚོས་ཞོགས་ཟས་དང་དགོང་ཟས་གང་དང་གང་མཆོད་ཀྱི་མེད་མེད་སྐད་ཆ་དྲིས་དུས། ཞོགས་ཟས་རྩམ་པ་བཟའ་མཁན་བརྒྱ་ཆ་ ༧༠ དང་། བག་ལེབ་བཟའ་མཁན་བརྒྱ་ཆ་ ༦༡། ཟིན་གྱི་འདུག་ལ། བརྒྱ་ཆ་ ༩༣ དང་ཡང་ན་མི་ ༥༠ ཡིས་ཉིན་ལྟར་དགོང་མོ་རྒྱ་ཐུག་དང་ཡང་ན་འཐེན་ཐུག་འཐུང་གི་ཡོད་འདུག ཁོང་ཚོའི་ནང་འབྲས་བཟའ་མཁན་གྱི་བརྒྱ་ཆ་ ༤༤ ཟིན་གྱི་འདུག
Survey 2014 1ལྷའི་སྤྱི་ཐབ་ནང་ནས་ཀུ་ཤུ་དང་། ཚ་ལུ་མ། ངང་ལག ཨ་མྲ་སོགས་ཤིང་ཐོག་རིགས་འདྲ་མིན་དང་། པད་ཚལ་དང་ཞོག་ཁོག ལ་ཕུག སྲན་མ། ཕིང་། ཊོ་ཕོ་སོགས་སྔོ་ཚལ་རིགས་འདྲ་མིན་གཏོང་གིན་ཡོད་ལ། དེ་དག་ཟས་བཅུད་ཆེ་ཞིང་འཕྲོད་བསྟེན་ལ་ལེགས་པ་དང་། དྷ་སར་མཚོན་ན་ཤིང་ཐོག་དང་སྔོ་ཚལ་གྱི་རིགས་ལ་རིན་གོང་ཧ་ཅང་ཆེ་བས། ཁོང་ཚོའི་འཕྲོད་བསྟེན་ལ་ཕན་འབྲས་ངེས་ཅན་ཐོན་གྱི་ཡོད་པ་རེད།

སྙན་ཐོ་ལྟར་ན་མི་གྲངས་བརྒྱ་ཆ་ ༦༧ ཙམ་གྱིས་ལྷའི་སྤྱི་ཐབ་ནང་གི་ཤིང་འབྲས་བཟས་པ་ཕུད་དེ་མིན་བདུན་ཕྲག་རེར་ཤིང་འབྲས་ཐེངས་ ༢ དང་ཡང་ན་ ༢ ལས་ཉུང་བ་མཆོད་མཁན་རེད་འདུག རྒྱུན་མཚན་ནི་ཤིང་འབྲས་ཀྱི་གོང་ཚད་ཧ་ཅང་ཆེན་པོ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག་ལ། མ་ཚད་སྤྱི་ཐབ་འདི་ནས་ཁོང་ཚོར་སྔོ་ཚལ་དང་དམིགས་བསལ་ཤིང་ཐོག་གི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་ལུགས་ཀྱང་བརྗོད་འདུག

ཧ་ལམ་ཚང་མའམ་བརྒྱ་ཆ་ ༩༦ ཙམ་གྱིས་སྤྱི་ཐབ་ཀྱི་ཉིན་གུང་ཞལ་ལག་འདིས་ཁོང་ཚོའི་འཕྲོད་བསྟེན་ལ་ཁེ་ཕན་ཐོབ་ཀྱི་ཡོད་པ་དང་། དེའི་ནང་བརྒྱ་ཆ་ ༥༢ ཙམ་གྱིས་ཕན་ཐོགས་ཧ་ལས་པ་ཡོང་གི་ཡོད་ལུགས་ཀྱང་འཁོད་འདུག

སྤྱི་ཐབ་ལ་བརྟེན་ནས་ཕོ་བར་ན་ཚ་ཡོད་མཁན་བརྒྱ་ཆ་ ༥༠ ཙམ་གྱིས་ཕྱི་ལོ་ ༢༠༡༣ ནས་བཟུང་འཕྲོད་བསྟེན་གྱི་དཀའ་ངལ་བརྒྱ་ཆ་ ༤༡ ནས་ ༥༡ བར་ཉུང་དུ་ཕྱིན་ཡོད་ལུགས་འཁོད་འདུག ཞལ་ལག་ནང་གི་ཆུ་དང་ཤིང་ཐོག་དང་སྔོ་ཚལ་བཀྲུ་བྱེད་སོགས་དྭངས་གཙང་གི་བཙགས་ཆུ་ཁོ་ན་ཡིན་སྟབས་དེས་ཀྱང་འཕྲོད་བསྟེན་ཡར་རྒྱས་ལ་རམ་འདེགས་གང་ལེགས་བྱུང་འདུག

ཁོང་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཐད་ཉམས་ཞིབ་གྲུབ་དོན་ལྟར་ན། མི་གྲངས་བརྒྱ་ཆ་ ༩༡ ཙམ་ལ་ལས་ཀ་མེད་པ་དང་། དེའི་ནང་བརྒྱ་ཆ་ ༡༧ ཙམ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་ཁོང་གཏོགས་སུ་ཚུད་པ་རེད་འདུག

ལོ་སྔོན་མའི་ཞིབ་འཇུག་སྙན་ཐོ་དང་བསྡུར་ན་ ༢༠༡༤ ལོར་ཁོང་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཕྱིན་འདུག་ལ། དེའི་ནང་བརྒྱ་ཆ་ ༣༩ ཙམ་ལ་ནང་མི་དང་། གྲོགས་པོ། སྦྱིན་བདག་བཅས་ནས་དཔལ་འབྱོར་ཐད་རོགས་རམ་ཐོབ་ཀྱི་ཡོད་འདུག་པ་དང་། མི་གྲངས་བརྒྱ་ཆ་ ༧༡ ཙམ་གྱི་ཟླ་རེའི་ཡོང་འབབ་ཧིན་སྒོར་ ༢༥༠༠ ནས་ ༥༠༠༠ བར་རེད་འདུག

ཁོང་ཚོ་མང་ཆེ་བ་ལས་མེད་ཡིན་སྟབས་དཔལ་འབྱོར་གྱི་ཡོང་ཁུངས་ཞན་པ་དང་། ཁོང་ཚོ་མང་ཆེ་བའམ་བརྒྱ་ཆ་ ༨༧ ཙམ་གྱིས་ལྷའི་སྤྱི་ཐབ་ནང་ཞུགས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་དཔལ་འབྱོར་གྱི་གནས་སྟངས་ཀྱིས་རྐྱེན་པས་ཡིན་ལུགས་ཀྱང་འགྲེལ་བརྗོད་བྱས་འདུགSurvey 2014 6ཚང་མས་སྤྱི་ཐབ་འདི་གལ་གནད་ཆེ་བ་དང་། ཁོང་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་འབྱུང་གི་ཡོད་ལུགས་བརྗོད་འདུག་པ་དང་། དེའི་ནང་ནས་ཞལ་ལག་མཆོད་མཁན་ཞིག་གིས་"ལྷའི་སྤྱི་ཐབ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞལ་ལག་འདིས་དཔལ་འབྱོར་དང་འཕྲོད་བསྟེན་གཉིས་ཀར་ཕན་ཐོགས་ཆེན་པོ་འདུག་ལ། ང་ཚོའི་བདེ་ཐང་དང་འགྲོ་སོང་གྲོན་ཆུང་གང་ལེགས་ཐུབ་ཀྱི་འདུག ཐུགས་རྗེ་ཆེ། མུ་མཐུད་ནས་རྒྱུན་འཁྱོང་གནང་རོགས་"ཞེས་བྲིས་འདུག གཞན་ཞིག་གིས། "ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་ང་ཚོའི་སྤྱི་ཚོགས་ནང་དཔེ་མཚོན་འོས་པ་ཞིག་རེད་འདུག"ཅེས་གསུངས་འདུག

ཡང་གཞན་ཞིག་གིས། "ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་འདི་ངོས་ལ་མཚོན་ན་ཧ་ཅང་གལ་གནད་ཆེ་བ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ངའི་འགྲོ་སོང་དངུལ་དང་དུས་ཚོད་གྲོན་ཆུང་ཐུབ་ཀྱི་འདུག མ་གཏོགས་དྷ་རམ་ས་ལའི་ཟས་སོང་དང་ཁང་གླ་ནི་ཧ་ཅང་གོང་ཆེན་རེད། གཞན་ངོས་ལ་འདིར་སློབ་སྦྱོང་གི་གོ་སྐབས་རག་ཀྱང་འཚོ་སྡོད་ཐུབ་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། སྤྱི་ཐབ་འདིས་དཀའ་ངལ་ཆེན་པོ་སེལ་གྱི་འདུག" ཅེས་བྲིས་འདུག

ཁོང་ཚོའི་བསམ་འཆར་དང་འགྲེལ་བརྗོད་དེ་དག་ལས་སྤྱི་ཐབ་འདིས་ཁོང་ཚོའི་དཔལ་འབྱོར་དང་། འཕྲོད་བསྟེན། སློབ་སྦྱོང་བཅས་ཀྱི་ཐད་ལ་ཕན་ཐོགས་ག་ཚོད་ཆགས་ཀྱི་ཡོད་མེད་མངོན་གྱི་འདུག་ལ། དེའི་ནང་ཁོང་ཚོའི་ཁྲོད་བརྒྱ་ཆ་ ༥༤ ཙམ་གཞི་རིམ་གྱི་ཤེས་ཡོན་ཕྲན་བུ་དང་ཡང་ན་རྩ་བ་ནས་རག་མྱོང་མེད་པ་ཆགས་འདུག་སྟབས། ད་ལྟའི་སློབ་སྦྱོང་གི་གོ་སྐབས་འདི་ཁོང་ཚོར་མཚོན་ན་ཆེས་རྩ་ཆེན་དང་ཆེས་མཐའ་འཇུག་གི་གོ་སྐབས་ཤིག་ཆགས་ཡོད་པ་རེད།
Survey 2014 2རྟོགས་ཞིབ་སྐབས། ད་ལྟའི་ཆར་ཁྱེད་ལ་མཚོན་ན་གལ་ཆེ་ཤོས་ཤིག་གང་ཡིན་དྲིས་དུས། བརྒྱ་ཆ་ ༥༦ ཙམ་གྱིས་སློབ་སྦྱོང་ནི་ཆེས་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད་ལུགས་འགྲེལ་བརྗོད་དང་། ཁོང་ཚོའི་ནང་བརྒྱ་ཆ་ ༨༥ ཙམ་ལྷའི་སློབ་ཕྲུག་ཆགས་འདུག་སྟབས། ཕྱི་ལོ་ ༢༠༡༣ ལོ་དང་བསྡུར་ན་བརྒྱ་ཆ་ ༦༩ ཡར་འཕར་འདུག

ཕྱི་ལོ་ ༢༠༡༤ ལོའི་ལྷ་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་སྐོར་རྟོགས་ཞིབ་འགན་འཁུར་གནང་མཁན་གྷ་རེ་སི་ནས་ ཟས་བཅུད་སྐོར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཕེའོ་བྷེ་ཕོར་སཱལ་ཁཱ་(Phoebe Prosalika)ལགས་དང་། ཨ་རི་ནས་ཨོ་ལི་ཝཱི་ཨེརསི་ཀི་(Olivia Ersek) ལགས་རྣམ་གཉིས་ཡིན་པ་དང་། ཨིན་ཡིག་ནང་མཐའ་མའི་ཞིབ་འཇུག་སྙན་ཐོ་འདི་འབྲི་མཁན་ཨོ་ལི་ཝི་ཡ་Olivia Ersek ཡིན། ལས་ཁུངས་ནས་བོད་སྒྱུར་བྱས།