ཕྱི་ལོ་ ༢༠༡༤ ལོའི་ལྷའི་ལོ་འཁོར་ལས་བསྡོམས་སྙན་ཐོ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༤ ལོར་ལས་འཆར་དང་ཤེས་ཡོན་སློབ་གསོའི་ལས་འགུལ་རྣམ་གྲངས་ ༤༢ ཙམ་ལག་བསྟར་བྱས་པ་བརྒྱུད་ཉུང་མཐཪ་མི་གྲངས་ ༣༦༧༠༠ ཙམ་ལ་ཕན་ཐོགས་བྱུང་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༡༤ ལོ་འདས་ཟིན་པ་དང་ལོ་གསར་པ་སྟེ་ཕྱི་ལོ་ ༢༠༡༥ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་སྤྱི་ཚོགས་སྤྱི་ཀྱི་དགོས་མཁོ་དང་བསྟུན་ལས་འཆར་གྱི་རྣམ་གྲངས་སྔར་ལས་མང་བ་ཞིག་ལག་བསྟར་བྱ་རྒྱུ་གྲ་སྒྲིག་དང་འཆར་གཞི་གཏིང་བཞིན་ཡོད།

འོན་ཀྱང་ལོ་གསར་པའི་ལས་གཞི་གསར་པ་ལག་བསྟར་མ་བྱས་གོང་འདས་མ་ཐག་པའི་ཕྱི་ལོ་ ༢༠༡༤ ལོའི་ལོ་འཁོར་ལས་བསྡོམས་སྙན་ཐོ་ཡོངས་བསྒྲགས་དང་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༤ ལོའི་ང་ཚོའི་ལས་དོན་ཁག་ལམ་ལྷོང་དང་གྲུབ་འབྲས་ལྡན་པ་ཞིག་བྱུང་སོང་བས། ང་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གནང་མཁན། དེ་བཞིན་དང་བླངས་ལས་བྱེད་སོགས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞན་ཕན་ཆེད་མིང་དོན་མཚུངས་པའི་ སྤྱི་ཚོགས་ཞབས་དང་ཤེས་ཡོན་སློབ་གསོའི་ལས་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང་། མ་ཚད་ཧི་མ་ལའི་རི་བརྒྱུད་དང་ས་གནས་རྒྱ་གར་མི་མང་ལའང་དེ་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།

ཚོགས་པའི་ནང་ཉིན་ལྟར་ཞབས་ཞུ་རྣམ་གྲངས་ ༢༠ ཙམ་གྱིས་ཁྱོན་མི་གྲངས་ ༡༥༠ ཙམ་ལ་སྤྱི་ཚོགས་ཞབས་ཞུ་ཁག་ལ་མཉམ་ཞུགས་ཀྱིས་ཕན་ཐོགས་ཡོང་གི་ཡོད་པ་དང་། འཛམ་གླིང་གང་སར་ཕེབས་པའི་དང་བླངས་ལས་བྱེད་ ༡༥ ནས་ ༢༥ བར་ང་ཚོའི་ལས་གཞི་ཁག་རོགས་རམ་གྱིས་དང་བླངས་བྱེད་ཀྱི་ཡོད།

ང་ཚོའི་རྒྱུན་ལྡན་ཞབས་ཞུ་ཁག་ནི་ཨིན་ཡིག རྒྱ་ཡིག ཧྥ་རན་སི། ལྗར་མན་སོགས་ཀྱི་སྐད་ཡིག་འཛིན་གྲྭ་མཐོ་དམན་འདྲ་མིན་དང་། སྒེར་གྱི་དགེ་རྒན། གློག་ཀླད་འཛིན་གྲྭ་ཁག བཅུད་ལྡན་ཞལ་ལག་མཐུན་རྐྱེན། འཐུང་ཆུ་གཙང་བཟོ་ལས་གཞི། རིན་མེད་སྨན་དང་གྱོན་གོས་རིན་མེད་བགོ་འགྲེམས། འབྲེལ་གཏུགས་དུས་དེབ་དཔར་སྐྲུན་དང་རིན་མེད་འགྲེམས་སྤེལ། འཕྲོད་བསྟེན་དང་ཁོར་ཡུག་གི་ལས་གཞི་དང་གོ་རྟོགས་འགུལ། དང་བླངས་གོ་སྐབས་དང་འབྲེལ་མཐུད། མི་མང་དཔེ་མཛོད། རིག་གཞུང་བརྗེ་རེས་གོ་སྒྲིག་སོགས་ཀྱིས་ལས་དོན་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་བཞིན་ཡོད།

རྒྱུན་དུ་ང་ཚོས་འགྲོ་གྲོན་བསྲི་ཚགས་ཐོག་ལས་དོན་རྣམ་གྲངས་མང་པོ་དང་ཚགས་ཚུད་དང་སྤུས་ལེགས་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། རྣམ་པ་ཚོའི་རྒྱབ་སྐྱོར་རོགས་རམ་དང་ཞལ་འདེབས་ནི་ང་ཚོའི་ལས་གཞིའི་རྣམ་གྲངས་ཇེ་མང་དང་གཞི་རྒྱ་ཇེ་ཆེར་གཏོང་བར་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

ཕྱི་ལོ་ ༢༠༡༤ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༧ གསར་འཛུགས་བྱས་ཤིང་། བོད་མི་སྐྱབས་བཅོལ་བའི་སློབ་གྲྭ་དང་གཞི་ཆགས་དེ་བཞིན་ས་གནས་རྒྱ་གར་ཡུལ་མི་བཅས་ཁྱོན་མི་གྲངས་ ༢༡༤༥ ཙམ་གྱི་ རྒྱུན་ལྡན་འཐུང་ཆུ་གཙང་མ་དང་ཞལ་ལག་གི་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།

ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་ཉིན་ལྟར་ཁྱོན་མི་གྲངས་ ༥༠ ནས་ ༦༠ བར་ལ་ཉིན་གུང་གི་ཞལ་ལག་སྤྲོད་བཞིན་པ་ལྟར་འདི་ལོར་ཁྱོན་མི་གྲངས་ ༩༠ ཙམ་སྤྱི་ཐབ་ནང་ཞལ་མཐུན་རྐྱེན་སྦྱར་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་ ༡༢ པའི་ནང་དང་བླངས་བ་ཁག་ཅིག་གིས་སྤྱི་ཐབ་སྐོར་ཞིབ་འཇུག་བྱས་པ་བརྒྱུད། སྙན་ཐོའི་ནང་ཁྱོན་ཞལ་ལག་མཆོད་མཁན་གྱི་བརྒྱ་ཆ་ ༩༦ ཡིས་སྤྱི་ཐབ་ཀྱི་ཁ་ལག་ཡིས་ཁོང་ཚོའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་ལུགས་དང་། མི་གྲངས་བརྒྱ་ཆ་ ༨༧ ཡིས་ཁོང་ཚོ་སྤྱི་ཐབ་འདིའི་ནང་ཞུགས་དགོས་དོན་ནི་དཔལ་འབྱོར་གྱི་དཀའ་ངལ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་འདུག

ལྷའི་འབྲེལ་གཏུགས་དུས་དེབ་ནི་རིན་མེད་འགྲེམས་སྤེལ་དང་སྤྱི་ཚོགས་ནང་ཁྱབ་བསྒྲགས་ཆེས་ཆེར་འགྲོ་བཞིན་པའི་ཨིན་ཡིག་དུས་དེབ་ཅིག་ཡིན་ཞིང་། དེའི་ནང་བོད་མིའི་གནས་སྟངས་དང་དྷ་རམ་ས་ལའི་གནས་ཚུལ་ངོ་སྤྲོད་དྲིལ་བསྒྲགས་ཀྱིས་ད་བར་མི་ལོ་ ༡༦ ཙམ་ཕྱིན་ཡོད། ཉེ་བའི་ཆར་དུས་དེབ་དེའི་མདུན་གྱི་ཤོག་ལྷེབ་གཉིས་དང་རྒྱབ་ཀྱི་ཤོབ་ལྷེབ་གཉིས་བཅས་ཚོན་ལྡན་དཔར་བསྐྲུན་བྱས་ཡོད་པས་མ་ཚད། ཤོག་གྲངས་དང་གསར་འགྱུར་རྩོམ་ཡིག་གྲངས་ཚད་ཀྱང་སྔ་ལས་ཇེ་མང་དུ་བཏང་ཡོད།

དུས་དེབ་དེ་ཟླ་རེའི་འདོན་ཐེངས་རེར་ཁྱོན་དེབ་གྲངས་ ༧༠༠ ནས་ ༡༠༠༠ བར་དཔར་བསྐྲུན་གྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། བོད་མིའི་སློབ་གྲྭ་ཁག རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག དེ་བཞིན་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁང་གཙོས་ཕྱི་རྒྱལ་གྱི་ས་གནས་ཁག་མང་པོ་ཞིག་ལ་རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༡༤ ལོར་འབྲེལ་གཏུགས་དུས་དེབ་རིན་མེད་འགྲེམས་སྤེལ་བྱེད་པའི་ཁྱོན་དེབ་གྲངས་ ༡༡༡༠༠ ཆགས་ཡོད་པ་རེད། མ་ཚད་དྲ་ཐོག་ཏུའང་དུས་དེབ་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད་སྟབས་ཟླ་རེར་བལྟ་ཀློག་བྱེད་མཁན་ཁྱོན་མི་གྲངས་ ༦༠༠༠ ལས་བརྒལ་གྱི་ཡོད་པ་རེད། འབྲེལ་གཏུགས་དུས་དེབ་ཀྱི་དྲ་ཚིགས་ཁ་བྱང་ནི་ www.contactmagazine.net ཡིན།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ཝཱར་ཎ་རུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་<<སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཚན་ཐོག་དྲ་གནས་>> www.samdhongrinpoche.com ཞེས་པའི་བོད་ཨིན་གཉིས་ལྡན་གྱི་དྲ་རྒྱ་ད་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་བཅས་དབུ་འབྱེད་གནང་ཡོད་པ་རེད། དྲ་གནས་དང་མངོན་བསྟོད་གླེགས་བམ་དབུ་འབྱེད་མཛད་སྒོའི་ཐོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག ཚོགས་ཟུར་སྤྱི་འཐུས་པདྨ་འབྱུང་གནས་མཆོག སློབ་གཉེར་ཁང་གི་མཁས་དབང་། ཝ་ཎའི་སློབ་ཟུར་དང་སློབ་མ། ཝ་ཎར་སློབ་སྦྱོང་གནང་བཞིན་པའི་བྷུན་ཏར་དགེ་འོས་སློབ་གྲྭའི་དགེ་ལས་སློབ་མ། དྷ་ས་ནས་ཆེད་བཅར་ཞུ་པའི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་བྱས་ཡོད་རེད།

དྲ་རྒྱ་འདི་ནི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་ཁོངས་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་ཟབ་རྒྱས་རིན་བྲལ་གྱི་གསུང་བཤད་དང་གསུང་རྩོམ་སོགས་དྲ་རྒྱའི་བརྒྱུད་ནས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད།

ད་བར་དྲྭ་གནས་སུ་བོད་ཡིག་ནང་ཡིག་ཐོག་གསུང་རྩོམ་དང་གསུང་བཤད་སོགས་རྩོམ་ཡིག་གྲངས་ ༣༩༧ དང་། ཨིན་ཡིག་ནང་ཡིག་ཐོག་གསུང་བཤད་སོགས་རྩོམ་ཡིག་གྲངས་ ༦༡། བོད་ཡིག་དང་ཨིན་ཡིག་ནང་སྒྲ་ལྡན་གསུང་བཤད་གྲངས་ ༢༢༠། དྲྭ་བརྙན་གསུང་བཤད་གྲངས་ ༣༤། སྐུ་དཔར་གྲངས་ ༩༧༤། བཅས་འགོད་འཇུག་ཞུས་ཟིན་ཡོད་པ་རེད།

དྷ་ས་ཡུལ་སྐོར་སྤྲོ་འཆམ་གྱི་དུས་ཚིགས་དང་བསྟུན་ཕྱི་ཟླ་ ༥ པ་རྫོགས་ནས་ ༦ པའི་ཟླ་འགོར་སྟེ་ཕྱི་ཚེས་ ༥ འཛམ་གླིང་ཁོར་ཡུག་གི་ཉིན་མོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་མཉམ་འབྲེལ་གྱིས་དྷ་ས་མེ་གྷན་ཁུལ་དུ་གད་སྙིགས་བསྡུ་རུབ་སོགས་ཁོར་ཡུག་གཙང་བཟོ་བྱས་པ་དང་ཆབ་ཅིག ཁོར་ཡུག་གི་གལ་གནད་དང་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་གྱི་རྒྱ་བོད་ཨིན་གསུམ་ནང་ཡོད་པའི་ཡིག་ཆ་བོད་མི་དང་། ས་གནས་རྒྱ་གར་མི་མང་། ཡུལ་སྐོར་སྤྲོ་འཆམ་བ་སོགས་ལ་འགྲེམས་སྤེལ་བྱས།

དུས་ཡུན་བདུན་ཕྲག་གཅིག་ཙམ་རིང་ཁོར་ཡུག་སྐོར་གོ་རྟོགས་ལས་འགུལ་ཞིག་སྤེལ་བ་བརྒྱུད་་ཁྱོན་མི་གྲངས་ ༢༥༠༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་བ་དང་། ལྷག་དོན་དྷ་སར་ཡོད་པའི་ས་གནས་ཡུལ་མི་དང་བོད་མི་ཚོང་ལས་གཉེར་མཁན་གྲངས་༡༠༥ ལྷག་ཙམ་དྷ་ཁོར་ཡུག་ཡར་རྒྱས་གཏོང་ཕྱོགས་བསམ་ཚུལ་བསྡུ་ལེན་གྱིས་ཞིབ་འཇུག་གྲུབ་ཐོ་གནས་རྒྱ་གར་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་བཅས་ལ་མ་འོངས་པར་ས་གནས་ཀྱི་ཁོར་ཡུག་གི་གནས་སྟངས་ཡར་རྒྱས་གཏོང་བར་ཐུགས་འཁུར་དང་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་གནང་རོགས་ཞེས་རེ་སྐུལ་སྙན་ཞུ་ཕུལ།

ཕྱི་ཟླ་ ༡༢ པའི་ཚེས་ ༡ འཛམ་གླིང་ཨེ་ཙི་ཉིན་མོར་དྷ་ས་ཀུན་ཕན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་དང་མཉམ་འབྲེལ་གྱིས་རིན་མེད་ཁྲག་བརྟག་དཔྱད་དང་། ཁྱོན་མི་གྲངས་ ༨༠༠ ཙམ་ལ་སྲུང་ཤུབ་དང་གོ་རྟོགས་ཡིག་ཆ་འགྲེམས་སྤེལ་བྱས། དེ་མཚུངས་སུ་ལོ་སྟོད་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཨེ་ཙི་སྐོར་གོ་རྟོགས་ལས་འགུལ་ཞིག་སྤེལ་བར་སྐབས་དེར་ཁྱོན་མི་གྲངས་ ༢༡༢༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་འདུག

ཧི་མ་ཅལ་མངའ་སྡེའི་སྦིར་ས་གནས་སུ་མིག་དང་སོ་གཙང་བཟོ་དང་སྨན་བཅོས་ཀྱི་ལས་གཞི་ཞིག་ལག་བསྟར་བྱས་པར་སྐབས་དེར་ཁྱོན་མི་གྲངས་ ༤༤༩ ཙམ་ལ་ཕན་ཐོགས་བྱུང་ཞིང་། དེའི་ནང་ས་གནས་དེར་སློབ་སྦྱོང་གནང་བཞིན་པའི་ཧི་མ་ལའི་རི་བརྒྱུད་ཀྱི་གྲྭ་བཙུན་མང་པོ་ཞིག་ཀྱང་ཚུད་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བརྡ་འཕྲིན་ཐེབས་རྩས་གོས་སྒྲིག་འོག ལྡི་ལི་གསར་པའི་ཧཱ་བྷེ་ཊ་ཊི་སན་ཊར་(Habitat Centre)ཚོགས་ཁང་དུ་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པས་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་རྟིང་མའི་འདེམས་སྒྲུབ་ཀྱི་མཛད་སྒོ་ཐེངས་གསུམ་པའི་ཐོག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤ་ཡའི་ནང་བརྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པས་བརྡ་འཕྲིན་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་གྱི་གཟེངས་རྟགས་ཨང་གཉིས་པ་དེ་ཐོབ་ཡོད་པ་རེད།

ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་རྒྱ་གར་དང་། བལ་ཡུལ། ཨ་ཧྥ་གྷ་ནི་སི་ཐན། པཱ་ཀི་སི་ཐན། སིང་ག་ལ། བྷང་ལ་དྷེ་ཤེ་བཅས་ཀྱི་ནང་བརྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྟོང་ཕྲག་མང་པོ་ཡོད་པའི་ནང་། འོས་གཞི་རྩེ་ཕུད་ཚོགས་སྡེ་གྲངས་ ༣༠༧ ནས་གཟེངས་བསྟོད་བྱ་དགའ་ཨང་ ༢ པ་ཐོབ་པ་ཞིག་རེད།

ཕྱི་ལོ་༢༠༡༤ལོར་ང་ཚོའི་རྒྱལ་སྤྱི་གང་སར་ཕེབས་པའི་མཐོ་རིམ་དང་གཙུག་ལག་སློབ་གྲྭ་ཁག་ནས་སློབ་ཕྲུག་ཚོ་ཁག ༡༧ གྱི་སློབ་ཕྲུག་གྲངས་ ༣༢༠ ཙམ་ང་ཚོས་རིག་གཞུང་བརྗེ་རེས་ལ་མཉམ་ཞུགས་བྱས་ཤིང་། ཁོང་ཚོར་བོད་དོན་དང་བོད་ཀྱི་རིག་གཞུང་། དེ་བཞིན་ནང་ཆོས་སོགས་ངོ་སྤྲོད་བྱས་ཡོད་པ་རེད།

ལྷས་ལོ་ལྟར་སློབ་ཕྲུག་གི་ཚོ་ཁག་བཅུ་གྲངས་ཤིག་དང་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་གོ་སྒྲིག་དང་རིག་གཞུང་བརྗེ་རེས་ཀྱི་ཕྱི་རྒྱལ་སློབ་ཕྲུག་དང་དང་བླངས་བ་རྣམས་ལྷའི་ཞི་བའི་ཚལ་ཁང་པའི་ནང་གནས་བསྡོད་བྱེད་ཀྱིན་ཡོད་པ་དེས་ཚོགས་པ་རང་ཁ་རང་གསོ་དང་། དཔལ་འབྱོར་སྲ་བརྟན་སོགས་ང་ཚོའི་ཉིན་རེ་སྐད་ཡིག་དང་གློག་ཀླད་འཛིན་གྲྭ་ཁག་གཙོས་པའི་ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་ལག་བསྟར་རྒྱུན་གནས་ཐུབ་པའི་མཐུན་འབྱོར་རོགས་རམ་གྱི་གཞི་བརྟེན་དུ་གྱུར་ཡོད་པ་རེད།

འོན་ཀྱང་ང་ཚོའི་ལས་གཞི་དང་ལས་འཆར་ཁག་སྟེ་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་དང་། འབྲེལ་གཏུགས་དུས་དེབ་དཔར་བསྐྲུན། འཐུང་ཆུ་གཙང་བཟོ་ཆེད་འཕྲུལ་ཆས་གསར་འཛུགས། མིག་དང་སོ་བརྟག་དཔྱད་དང་གཙང་བཟོ། ཁོར་ཡུག་སྲུང་སྐྱོབ། ཨི་ཙིའི་ན་ཚ་སྔོན་འགོག་གོ་རྟོགས་སོགས་ཀྱི་ལས་དོན་ཁག་མུ་མཐུད་ལག་བསྟར་དང་ཡར་རྒྱས་གཏོང་བར་གཞན་ཕན་དང་གཏོང་ཕོད་ཡངས་པའི་ལྷག་བསམ་ཅན་གྱི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད།

འདས་པའི་མི་ལོ་བཅུ་ཕྲག་ལྷག་ཙམ་རིང་བྱམས་བརྩེ་དང་གཏོང་ཕོད་ཆེ་བའི་རོགས་རམ་བྱེད་མཁན་རྣམ་པ་དང་ལྷག་པར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ལྷག་བསམ་རྣམ་དག་གི་ཆོད་སེམས་གཏན་པོའི་ཐོག་ནས་ལེགས་སྐྱེས་འབུལ་མཁན་དང་བླངས་ཆེས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་དེ་ཡར་རྒྱས་དང་དམིགས་སྨན་མིག་ཐོགས་ཡོང་བ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་སྐུལ་ལྕགས་དང་སེམས་འགུལ་ཆེན་པོ་ཐེབས་སོང༌།

དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་སྲ་བརྟན་དང་སྐྱབས་བཅོལ་བོད་མི་རྣམས་ཀྱི་དཔལ་འབྱོར་ཡོང་སྒོ་རོགས་རམ་ཆེད། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་<<ལྷ་བོད་ཀྱི་ལུགས་མཐུན་བཟོ་ཚོང་ཁང་>>གསར་འཛུགས་ཀྱིས་བོད་མི་རང་ཉིད་ཀྱིས་ལག་བཟོས་ཅ་དངོས་རྣམས་ཕྱིར་གཏོང་ནང་འདྲེན་དང་སྡེབ་ཚོང་སོགས་བྱེད་ཀྱི་ཡོད་ཅིང་། ཚོང་ཁང་དེ་ཉིད་མེ་གྷན་ཁྲོམ་གཞུང་སྟེ་ལྷའི་ཡིག་ཚང་གི་གཤམ་འོག་ཏུ་སྒོ་ཕྱེས་ཡོད།

བཟོ་ཚོང་ཁང་དང་ད་ལྟའི་ཆར་ཨིན་ཡུལ་དུ་བརྟེན་གཞི་བྱས་ཡོད་པའི་<<བོད་རང་བཙན་དྲ་ཐོག་ཚོང་ལས་>>(Free Tibet Online Store) སོགས་ཚོང་ལས་ཚོགས་སྡེ་ཁག་ཅིག་དང་མཉམ་ལས་བྱེད་མུས་ཡིན་ཞིང་། དེ་མིན་གྱི་མི་སྒེར་དང་ཚོགས་སྡེ་སོགས་ཚོང་ལས་ཚན་པ་སུ་ཞིག་ང་ཚོ་དང་ལྷན་དུ་མཉམ་འབྲེལ་མཉམ་ལས་བྱ་འདོད་ཡོད་ཚེ་དགའ་བསུ་ཞུ་བཞིན་ཡོད། ལྷ་བོད་ཀྱི་ལུགས་མཐུན་ཚོང་ལས་ཀྱི་དྲ་རྒྱའི་ཁ་བྱང་ནི་ www.tibetfairtrade.com ཡིན།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དངུལ་རྩིས་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་སྟོན་གྱི་ཡོད་ལ། རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ནས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གི་ཡོད། ཕྱི་ལོ་ ༢༠༡༤ ལོའི་ཁྱོན་ཡོང་འབབ་ཧིན་སྒོར་ ༧༡༢༡༠༠༩ དང་ཨ་སྒོར་ནང ་ (༡༡༨༦༨༣་༤༨) དང་། དེའི་ནང་འཛིན་སྐྱོངའགྲོ་གྲོན་ཧིན་སྒོར་ ༣༣༦༥༧༣༢ ཨ་སྒོར་(༥༦༠༩༥་༥) དང་། ལས་གཞི་དང་ལས་འཆར་ཁག་ལ་བཏང་འགྲོ་སོང་ཧིན་སྒོར་ ༢༧༢༨༩༠༦ཧིན་སྒོར་ (༤༥༤༨༡་༧༦) ཆགས་ཡོད་པ་རེད།

ལོ་ལྟར་གྱི་ལས་འཆར་ཁག་སྐྱབས་བཅོལ་བོད་མིའི་དགོས་མཁོ་ལ་གཞིགས་ནས་གཏན་འབེབས་བྱེད་ཀྱི་ཡོད་པ་དང་། རྣམ་པ་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་འབྱུང་འགྱུར་གྱི་ལོ་གསར་པའི་ནང་དོན་ཕན་ལྡན་པའི་ལས་དོན་མང་པོ་ཞིག་ལག་བསྟར་དང་། ཞབས་ཞུ་ཚགས་ཚུད་དང་ཚད་ལྡན་ཞུ་ཐུབ་པའི་རེ་བ་དང་སེམས་ཤུགས་ཡོད་ལ། ང་ཚོར་རྒྱབ་སྐྱོར་བར་སྙིང་ནས་དགའ་བསུ་དང་ཡི་རངས་ཞུ་རྒྱུ་ཡིན།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དྲ་ཚིགས་འདི་ནས་ www.lhasocialwork.org ང་ཚོའི་ཚོགས་པ་དང་ལས་དོན་བྱེད་ཕྱོགས་རྒྱུས་ལོན་གནང་རོགས།

གཤམ་དུ་ཕྱི་ལོ་ ༢༠༡༤ ལོའི་ལྷའི་ལས་དོན་ཁག་གི་གྲངས་ཐོ་སྙིང་བསྡུས་སུ་བཀོད་ཡོད་ལ། ཕྱི་ལོ་ ༢༠༡༥ ལོའི་ལས་དོན་ཁག་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད་ལ། ང་ཚོའི་ལས་འཆར་ཁག་གི་སྦྱིན་བདག་དང་ལས་དོན་ལ་རྒྱབ་སྐྱོར་གནང་མཁན། དེ་བཞིན་དང་བླངས་ལས་བྱེད་དང་ཞབས་ཞུ་གནང་ཡུལ་བཅས་ཚང་མར་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་ཅག་མེད་ཚེ་ང་ཚོའི་ལས་དོན་ཁག་ལམ་ལྷོང་དང་འདི་ལྟའི་གྲུབ་འབྲས་ལྡན་པ་ཞིག་ཡོང་མི་སྲིད།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས།

ཕྱི་ལོ་ ༢༠༡༤ ལོའི་ལྷའི་གལ་ཆེའི་ལས་དོན་ཁག་ཅིག
• ལྷའི་སྐད་ཡིག་འཛིན་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་མཁན་ཟླ་རེའི་གྲངས་ཐོར་གཞི་གཞག་གིས་ཁྱོན་སློབ་ཕྲུག་གྲངས་ ༢༦༧༨ བྱུང་།
• སྐད་ཡིག་འཛིན་གྲྭ་ཁག་གི་ནང་གསར་དུ་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་གྲངས་ ༧༩༦ བྱུང་།
• གློག་ཀླད་ཀྱི་རྨང་གཞི་དང་འབྲིང་རིམ་མཐོ་རིམ་བཅས་ཀྱི་འཛིན་གྲྭའི་ནང་ཁྱོན་སློབ་ཕྲུག་གྲངས་ ༡༧༡ བྱུང་།
• བོད་མི་དང་ས་གནས་རྒྱ་གར་མི་མང་ལ་ཁྱོན་གྱོན་གོས་གྲངས་ ༢༣༠༣ ཙམ་རིན་མེད་བགོ་འགྲེམས་བྱས།
• ཉིན་ལྟར་ཁྱོན་མི་གྲངས་ ༥༠ ནས་ ༦༠ བར་ལ་ཉིན་གུང་ཞལ་ལག་སྤྲད་པས་ཁྱོན་མི་གྲངས་ ༩༠ བྱུང་མཐུན་རྐྱེན་རོགས་རམ་བྱས།
• ཁྱོན་སྐྱབས་བཅོལ་བོད་མི་ ༧༡ གི་མིག་བརྟག་དཔྱད་དང་མི་གྲངས་ ༣༢ ལ་རིན་མེད་མིག་ཤེལ་གསར་བཟོ་བྱས།
• ཁྱོན་སྐྱབས་བཅོལ་བོད་མི་ ༣༧༨ ཀྱི་སོ་བརྟག་དཔྱད་དང་། རྩ་བཀོག ཀོང་རྒྱོངས། གཙང་བཟོ། གསར་འཛུགས་སོགས་བྱས།
• ཁྱོན་སློབ་ཕྲུག་གྲངས་ ༢༥༤ ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་དེབ་ RC དུས་འགྱངས་ཆེད། བོད་ནས་གསར་དུ་འབྱོར་བ་དང་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་རྒྱབ་གཉེར་སྤྲད།
• དང་བླངས་བ་ཁྱོན་མི་གྲངས་ ༤༥༤ ཙམ་ལ་དང་ལས་ཀ་དང་འབྲེལ་མཐུད་ཀྱི་ལས་ཀ་བཀོད་སྒྲིག་བྱས།
• ཨ་རི་དང་མེ་སི་ཀོ ཨོ་སི་ཁྲུའུ་ལི་ཡ་སོགས་ཕྱི་རྒྱལ་གྱི་རྒྱལ་ཁབ་འདྲ་མིན་གྱི་མཐོ་རིམ་དང་གཙུག་ལག་སློབ་གྲྭ་ཁག་ནས་སློབ་ཕྲུག་ཚོ་ཁག ༡༧ གྱི་སློབ་ཕྲུག་གྲངས་ ༣༢༠ ཙམ་དང་རིག་གཞུང་བརྗེ་རེས་བྱས།
• ཟླ་བ་རེར་འབྲེལ་གཏུགས་དུས་དེབ་གྲངས་ ༧༠༠ ནས་ ༡༠༠༠ བར་དཔར་བསྐྲུན་འགྲེམས་སྤེལ་གྱིས་ལོ་གཅིག་ལ་ཁྱོན་དུས་དེབ་གྲངས་ ༡༡༡༠༠ ཙམ་རིན་མེད་འགྲེམས་སྤེལ་བྱས།
• སློབ་གྲྭ་ཁག་ ༥ བརྩིས་པའི་ཚོགས་སྡེ་ཁག་ ༧ ནང་ཆུ་ཚགས་འཕྲུལ་ཆས་གྲངས་ ༧ གསར་འཛུགས་བྱས་པས་དེས་ཁྱོན་མི་གྲངས་ ༢༡༤༥ ཙམ་གྱི་འཐུང་ཆུ་གཙང་མའི་དཀའ་ངལ་སེལ།
• དྷ་རམ་ས་ལའི་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་དེབ་གྲངས་ ༣༤༠ ཙམ་ས་གནས་ཀྱི་སློབ་གྲྭ་ཁག་ལ་ཞལ་འདེབས་ཕུལ།
• དུས་ཡུན་བདུན་ཕྲག་གཅིག་ཙམ་རིང་ཁོར་ཡུག་སྐོར་གོ་རྟོགས་ལས་འགུལ་ཞིག་སྤེལ་བ་བརྒྱུད་་ཁྱོན་མི་གྲངས་ ༢༥༠༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་བ་དང་།
• ཨེ་ཙི་ན་ཚའི་སྐོར་གོ་རྟོགས་ལས་འགུལ་ཐེང་འགའ་ཤས་སྤེལ་བ་བརྒྱུད་ཁྱོན་མི་གྲངས་ ༢༡༢༠ ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་འདུག

ཕྱི་ལོ་ ༢༠༠༣ ནས་ ༢༠༡༤ བར་ཀྱི་ལས་བསྡོམས་ཁག་ཅིག

• འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༠ ནས་ཁྱོན་དང་བླངས་བ་མི་གྲངས་ ༦༢༩༡ བྱུང་།
• འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་རིག་གཞུང་བརྗེ་རེས་ཆེད་ཁྱོན་སློབ་ཕྲུག་གྲངས་ ༡༢༢༩ བྱུང་།
• བོད་མི་དང་ས་གནས་རྒྱ་གར་གྱི་སློབ་གྲྭ་དང་དཔེ་མཛོད་ཁང་ཁག་ལ་ཁྱོན་དེབ་གྲངས་ ༣༣༣༤༠ ཙམ་ཞལ་འདེབས་ཕུལ།
• དགོས་མཁོ་ཆེ་བའི་མི་མང་ལ་ཁྱོན་གྱོན་གོས་གྲངས་ ༣༣༢༠༠ ཙམ་ཞལ་འདེབས་སྤྲད།
• འཐུང་ཆུ་གཙང་བཟོ་ཆེད་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༡༦ གསར་འཛུགས་བྱས་པར་ཁྱོན་མི་གྲངས་ ༧༠༠༠ ཙམ་གྱི་འཐུང་ཆུ་གཙང་མའི་དཀའ་ངལ་སེལ།
• སྐད་ཡིག་འཛིན་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་གྲངས་ ༡༠༣༡༧ བྱུང་།
• གློག་ཀླད་འཛིན་གྲྭ་དང་གློག་ཀླད་སྐོར་ཟབ་སྦྱོང་ལ་ཞུགས་མཁན་ཁྱོན་སློབ་ཕྲུག་གྲངས་ ༢༧༤༨ བྱུང་།
• ཁྱོན་མི་གྲངས་ ༣༦༧ ཙམ་གྱི་མིག་བརྟག་དཔྱད་དང་། ཁྱོན་མི་གྲངས་ ༢༥༨ ཙམ་ལ་རིན་མེད་མིག་ཤེལ་གསར་བཟོ་བྱས།
• ཕུར་མཉེ་འཛིན་གྲྭ་ལས་སློབ་མཐར་ཕྱིན་མཁན་ཁྱོན་སློབ་ཕྲུག་གྲངས་ ༡༦༩ བྱུང་འདུག
• ད་བར་ཁྱོན་མི་གྲངས་ ༤༡༥ ཙམ་གྱི་སོ་བརྟག་དཔྱད་དང་གཙང་བཟོ་སྨན་བཅོས་སོགས་བྱས།
• ཁྱོན་མི་གྲངས་ ༦༧ ལ་པར་ལེན་སྒྱུ་རྩལ་གྱི་ཟབ་སྦྱོང་སྤྲད།
• ལྷའི་སྤྱི་ཐབ་ནས་ཉིན་ལྟར་མི་གྲངས་ ༥༠ ནས་ ༦༠ བར་ལ་ཉིན་གུང་གི་ཁ་ལག་སྤྲོད་བཞིན་པ་ལྟར། ཕྱི་ལོ་ ༢༠༡༡ ཟླ་བ་ ༧ པ་ནས་ད་བར་ཁྱོན་མི་གྲངས་ ༢༥༨ བྱུང་འདུག
• རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་དེབ་ RC དུས་འགྱང་ཞུ་ཆེད། ཁྱོན་སློབ་ཕྲུག་གྲངས་ ༦༢༢ ལ་བོད་ནས་གསར་དུ་འབྱོར་བ་དང་ད་ལྟ་ལྷའི་འཛིན་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པའི་ངོ་སྤྲོད་རྒྱབ་གཉེར་སྤྲད།