དགོས་དམིགས།

ཚོགས་པའི་ལས་རྟགས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་རྟགས་ནི་དཀྱིལ་"ལྷ་"ཞེས་པའི་བོད་ཡིག་དང་དེའི་མཐའ་འཁོར་ཚོས་གཞི་དཀར་སེར་དམར་ལྗང་སྔོ་བའི་རིམ་པ་ལྔ་ཡོད་པ་དེས་ནང་པའི་ཆོས་ལུགས་ཀྱི་ལྟ་སྤྱོད་མཚོན།
བསྒྲུབ་བྱ་སྙིང་པོ།
སློབ་གསོ་དང་ཤེས་ཡོན་གྱི་ལྟེ་གནས་གཞན་ཕན་ཆེད་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་སྣེ་མང་བྱ་རྒྱུ།
དགོས་དམིགས།
ཁོར་ཡུག་གསར་པའི་ནང་བོད་མི་རྣམས་ཀྱི་འཚོ་གནས་ཡར་རྒྱས་གོང་འཕེལ་དང་དེ་བཞིན་ཐུན་མིན་བོད་ཀྱི་ཆོས་རིག་གོམས་གཤིས་སོགས་གང་ཐུབ་སྲུང་སྐྱོབ། ལྷག་པར་དུ་ལྷའི་དང་བླངས་ལས་བྱེད་གཙོས་པའི་ཕྱི་རྒྱལ་བ་དང་བོད་མི་དབར་དོན་སྙིང་ལྡན་པའི་རིག་གཞུང་བརྗེ་རེས་དང་སྤྱི་ཚོགས་ཞབས་ཞུ་བྱེད་རྒྱུ་དེ་ཡིན།
འཆར་སྣང་།
ལྷའི་ངོས་ནས་སྤྱི་ཚོགས་ནང་མཉམ་འབྲེལ་གྱིས་འཆམ་འཐུན་གྱི་ཁོར་ཡུག་བསྐྲུན་རྒྱུའི་འབད་བརྩོན་དང་། ཉམས་གུད་སོང་བ་དང་། ཐོབ་ཐང་འདྲ་མཉམ་མེད་ཅིང་དགོས་མཁོ་ཡོད་རིགས་ལ་མཐུན་པའི་ཆ་རྐྱེན་བསྐྲུན་ཐབས་བྱ་རྒྱུ་སོགས་ཡིན།

ཚོགས་པའི་སྐོར།

༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་ཀྱི་ཡོད་པ་དང༌། ཚོགས་པ་འདི་ཉིད་ཕྱི་ལོ་ ༡༩༩༧ ལོར་ཐོག་མར་གསར་འཛུགས་བྱས་ཤིང༌། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་ཁེ་མེད་ཚོགས་པར་ངོས་ལེན་གྱིས་འབྲེལ་ཡོད་ཡིག་ཆ་བཀའ་ཁྲོལ་ཐོབ། ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་འདོན་གྱི་ཡོད་ལ། རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ནས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གི་ཡོད།
ཚོགས་པའི་གཞི་རྩའི་དམིགས་ཡུལ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་གཞི་རིམ་མང་ཚོགས་ལ་དགོས་མཁོ་ཆེ་ཞིང་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང༌། ད་ལྟའི་ཆར་ཚོགས་པའི་གནས་སྟངས་ལ་གཞིགས་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ། བོད་དོན་སོགས་ཕྱི་རྒྱལ་མི་སྣར་ངོ་སྤྲོད། ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། དྭང་བླངས་ཀྱི་འབྲེལ་མཐུད། ལག་ཤེས་སྦྱོང་བརྡར། དཔེ་མཛོད་ཞབས་ཞུ། དཔེ་དེབ་དང༌། གྱོན་གོས། སྨན་སོགས་ཞལ་འདེབས། རིག་གཞུང་བརྗེ་རེས། ཟས་བཅུད་ལྡན་པའི་ཞལ་ལག་དང་ཆུ་གཙང་མའི་མཐུན་རྐྱེན་རོགས་རམ་སོགས་ཀྱི་སྐོར་ལ་ལས་དོན་གང་ཐུབ་བྱེད་ཀྱི་ཡོད་ལ། འདས་པའི་ལོ་བཅུ་གསུམ་རིང་གཙོ་བོ་བོད་རིགས་སློབ་སྦྱོང་གི་གོ་སྐབས་འཐའ་ཁྱོལ་བ་མ་རག་པ་དང་མུ་མཐུད་ཤེས་ཡོན་ལ་དོ་དབྱིངས་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་ལ་བོད་ཡིག་དང༌། ཨིན་ཡིག རྒྱ་ཡིག ཧྥ་རན་སིའི་སྐད་ཡིག སི་ཕན་སྐད་ཡིག གློག་ཀླད་སྦྱོང་བརྡར་སོགས་བསྤྲད་དང་སྤྲོད་བཞིན་པ་ཡིན། སྐབས་ཕྲལ་དགོས་མཁོ་དང་བསྟུན་ཏེ་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་ཡང་གོ་སྒྲིག་ཞུ་བཞིན་ཡོད།

རྒྱས་པར་གཟིགས་་

ལྷའི་ལས་བྱེད།

༄༅། །བཞུགས་སྒར་དྷ་རམ་ས་ལར་བརེྟེན་གཞི་བྱས་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གཙོ་གཞོན་དང་། ལས་བྱེད་རྣམས་ཀྱི་ངོ་སྤྲོད་མདོར་བསྡུས། 

རྒྱས་པར་གཟིགས་་